བསྐུར་ནོར་བྱུང་བའི་སྒོར་མོ་ཇི་ལྟར་ཕྱིར་ལེན་དགོས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-11-18   རྩོམ་ཁུངས།    མཚོ་སྔོན་ཁྲིམས་ལུགས་ཚགས་པར།

བློ་མཐུན་རྩོམ་སྒྲིག་པ་ལགས།

    ངས་མྱུར་དུ་ཕུ་བོར་སྒོར་འགའ་བསྐུར་དགོས་བྱུང་བས། བྲེལ་བྲེལ་འཚུབ་འཚུབ་ངང་དངུལ་ཁང་དུ་རྒྱུག་སོང་ནསATMའཕྲུལ་ཆས་སྟེང་དུ་དངུལ་ཁོངས་བརྒལ་ནས་བསྐུར་ཏེ་ལེགས་འགྲུབ་བྱུང་ཞིང་། ཕྱིས་སུ་ཕུ་བོས་ང་ལ་དངུལ་བྱང་སྟེང་དུ་སྒོར་མོ་གཅིག་ཀྱང་འབྱོར་མ་བྱུང་ཟེར། དེར་བརྟེན་ཕུ་བོ་དང་ངེད་གཉིས་ཀྱིས་བསྐྱར་དུ་དངུལ་བྱང་ཨང་གྲངས་ཞིབ་བསྡུར་ཞིག་བྱས་པ་ན། ཕུ་བོས་ང་ལ་བསྐུར་བའི་དངུལ་བྱང་ཨང་གྲངས་ཁྲོད་ཨང་ཀི་གཅིག་ནོར་འདུག་པ་དང་། སྒོར་མོ་ཁྲི1ལྷག་བྱང་བུ་གཞན་ཞིག་གི་སྟེང་དུ་བསྐུར་ཟིན་པ་ད་གཟོད་ཤེས། རང་ཉིད་ཀྱི་གསོག་དངུལ་ཡོད་ཚད་མིག་རྡེབ་དབང་ཙམ་གྱི་རིང་དུ་གཅིག་ཀྱང་མཐོང་རྒྱུ་མེད་པར་གྱུར་ཅིང་། ངས་དངུལ་ཁང་གི་ལས་བྱེད་མི་སྣར་གནས་ཚུལ་དེ་གསལ་པོ་ཞིག་བཤད་རྗེས། དངུལ་ཁང་བརྒྱུད་དེ་བསྐུར་ནོར་བྱུང་བའི་མི་དེར་འབྲེལ་གཏུག་བྱེད་ཐུབ་སོང་། ཕྱིས་སུ་ངས་དངུལ་ཁང་དང་བསྐུར་ནོར་བྱུང་བའི་མི་དེར་ཐེངས་གང་མང་ཞིག་ལ་འབྲེལ་གཏུག་ཇི་ལྟར་བྱས་ཀྱང་མཇུག་འབྲས་གཅིག་ཀྱང་མ་བྱུང་། འདིར་ཁྱེད་བཅའ་ཁྲིམས་བློ་སྟོན་ཁང་ལ་དྲི་རྒྱུ་ཞིག་ཡོད་པ་ནི་ངས་སྒོར་དེ་དག་ཕྱིར་ལེན་ཐུབ་བམ།

བློ་མཐུན་གཟུངས་ཐར་ལགས།

    རང་རྒྱལ་གྱི《དམངས་ཁྲིམས་སྤྱི་སྲོལ》གྱི་དོན་ཚན92པའི་གཏན་འཁེལ་ལྟར་ན།“ཁྲིམས་མཐུན་གྱི་གཞི་འཛིན་ས་ཅི་ཡང་མེད་པར་ཚུལ་མཐུན་མིན་པའི་ཁེ་སྤོགས་བླངས་ཏེ། མི་གཞན་ལ་གྱོང་གུད་བཟོས་ཚེ། ཚུལ་མཐུན་མིན་པའི་སྒོ་ནས་བླངས་པའི་ཁེ་སྤོགས་དེ་གྱོང་རག་མཁན་ལ་ཕྱིར་སྤྲད་འོས”ཞེས་བཀོད་ཡོད། ཚུལ་མིན་གྱི་ཁེ་སྤོགས་ཞེས་པ་ནི་བཅའ་ཁྲིམས་ཀྱི་གཞི་འཛིན་ས་ཅི་ཡང་མེད་པར། མི་གཞན་ལ་གྱོང་རེག་ཏུ་བཅུག་སྟེ་རང་ཉིད་ཀྱིས་ཁེ་ཕན་བླངས་པ་ཞིག་ལ་ཟེར། ཚུལ་མིན་གྱི་ཁེ་སྤོགས་བླངས་པར་གྲུབ་ཆ་ངེས་ཅན་ཞིག་ལྡན་དགོས་ཏེ། གཙོ་བོ་ཕྱོགས་བཞི་ལས་གྲུབ་པ་ཡིན།གཅིག་ནི་ཕྱོགས་གཅིག་གིས་ཁེ་བླངས་པ། གཉིས་ནི་ཕྱོགས་གཅིག་ལ་གྱོང་གུད་ཐེབས་པ། གསུམ་ནི་ཕྱོགས་གཅིག་གིས་ཁེ་སྤོགས་བླངས་པ་དང་ཕྱོགས་གཅིག་ལ་གྱོང་གུད་ཐེབས་པའི་ཕན་ཚུན་བར་དུ་རྒྱུ་དང་འབྲས་བུའི་འབྲེལ་བ་ཡོད་པ། བཞི་ནི་ཕྱོགས་གཅིག་གིས་ཁེ་སྤོགས་བླངས་པར་ཁྲིམས་མཐུན་གྱི་གཞི་འཛིན་ས་མེད་པ་བཅས་ཡིན།

    གོང་གི་གྱོད་དོན་འདིར་གཞིགས་ན། བསྐུར་ནོར་བྱུང་བའི་མི་དེར་སྒོར་ཁྲི1ཐོབ་པ་དང་། ཁྱོད་ལ་སྒོར་ཁྲི1གིས་གྱོང་བྱུང་བའི་ཕན་ཚུན་བར་དུ་རྒྱུ་དང་འབྲས་བུའི་འབྲེལ་བ་ཡོད་པས། བསྐུར་ནོར་བྱུང་བའི་མི་དེར་སྒོར་ཁྲི1ཐོབ་པར་ཁྲིམས་མཐུན་གྱི་གཞི་འཛིན་ས་ཅི་ཡང་མེད་པར་བརྟེན། ཁོ་ལ་ཐོབ་པའི་སྒོར་ཁྲི1དེ་ནི་ཚུལ་མཐུན་མིན་པར་ཐོབ་པའི་རྒྱུ་དངོས་ཀྱི་ཁོངས་སུ་གཏོགས།བཅའ་ཁྲིམས་ཀྱི་གཏན་འཁེལ་གཞིར་བཟུང་ན། མི་དམངས་ཁྲིམས་ཁང་ལ་དམངས་དོན་ཁེ་དབང་སྲུང་སྐྱོང་བྱེད་པར་རེ་ཞུ་འདོན་པའི་ཞུ་གཏུག་དུས་ཡུན་ནི་ལོ2ཡིན་ཞིང་། དེ་ནི་ཁེ་དབང་མིས་རང་གི་དམངས་དོན་ཁེ་དབང་ལ་གནོད་འཚེ་ཐེབས་པར་ཤེས་པའམ་ཡང་ན་ཤེས་འོས་པའི་ཉིན་ནས་བཟུང་བརྩི་དགོས། གཏན་འཁེལ་འདི་ནི་ཚུལ་མཐུན་མིན་པར་ཁེ་སྤོགས་ཐོབ་པའི་ཞུ་གཏུག་ལའང་སྤྱོད་པ་ཡིན། ཁྱོད་ཀྱིས་བསྐུར་ནོར་བྱུང་བའི་མི་དེར་འབྲེལ་གཏུག་ཇི་ལྟར་བྱས་ཀྱང་མཇུག་འབྲས་གཅིག་ཀྱང་མ་བྱུང་དུས། ཁྱོད་ལ་དོན་དག་དེའི་རྗེས་ཀྱི་ལོ2ཀྱི་ནང་ཚུན་མཐུན་མིན་པར་ཁེ་སྤོགས་བླངས་པའི་རྩོད་གླེང་གི་ངོས་ནས་མི་དམངས་ཁྲིམས་ཁང་དུ་ཞུ་གཏུག་བྱས་ཏེ། བསྐུར་ནོར་བྱུང་བའི་མི་དེར་ཚུན་མཐུན་མིན་པར་ཁེ་སྤོགས་བླངས་པའི་རྒྱུ་དངོས་ཕྱིར་སྟེར་དགོས་པར་ཤེས་རྒྱུའི་དབང་ཆ་ཡོད།