བདེ་ཆེན་ཁུལ་གྱིས་སློབ་གསོའི་བྱ་གཞག་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་བ།

རྩོམ་པ་པོ།   པད་སྒྲོན།  ཡིག་བསྒྱུར།       དུས་ཚོད།   2017-04-19   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

 

    སློབ་གསོ་ནི་དམངས་འཚོའི་དོན་ཆེན་ཞིག་ཡིན་ཞིང་ཁྱིམ་དུད་ཁྲི་སྟོང་མང་པོ་དང་འབྲེལ་བ་ཡོད། མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་པ་མ་ཟད་བདེ་ཆེན་གྱི་མ་འོངས་པར་ཡང་འབྲེལ་བ་དམ་ཟབ་ཡོད། ཉེ་ཆར། བདེ་ཆེན་ཁུལ་གྱི་འབྲེལ་ཡོད་འགོ་ཁྲིད་དང་ལས་བྱེད་མི་སྣ་ཁུན་མིང་དང་།  ཆུས་ཅིང་།  ཡུས་ཞིས་སོགས་ས་ཆར་བསྐྱོད་ནས་སློབ་གསོ་རོགས་སྐྱོར་གྱི་ལས་དོན་སྤེལ་བ་དང་།  ནན་ཏན་གྱིས་སློབ་གསོ་བོད་ཁུལ་དུ་བསྐྱོད་པའི་ལོ་གསུམ་གྱི་འགུལ་སྐྱོད་འཆར་གཞི་ཞེས་པའི་ཡིག་ཆའི་དགོངས་དོན་ལག་བསྟར་བྱས་ནས།  ཞིང་ཆེན་སློབ་གསོ་ཐིང་དང་། ཆུས་ཅིང་གྲོང་ཁྱེར། ཡུས་ཞིས་གྲོང་ཁྱེར་མི་དམངས་སྲིད་གཞུང་། གྲོང་ཁྱེར་གསུམ་གྱི་སློབ་གསོ་ཅུས་དང་འབྲེལ་ཡོད་སློབ་གྲྭ་ཁག་དང་མཉམ་དུ་བཞུགས་མོལ་གནང་སྟེ་སློབ་གསོའི་མཉམ་ལས་རོགས་སྐྱོར་ཐད་གྲོས་མཐུན་བཞག་ནས་བདེ་ཆེན་གྱི་སློབ་གསོའི་བྱ་གཞག་མགྱོགས་མྱུར་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུ་རེད།  


ཟླ4པའི་ཚེས10ཉིན་ནས་ཚེས14ཉིན་བར།ཁུལ་ཨུའི་རྒྱུན་ཨུ་འམ་ཁུལ་དཔོན་གཞོན་པ་ལི་ཡན་ལན་གྱིས་རང་ཁུལ་སློབ་གསོའི་ལས་ཁུངས་སྡེ་ཚན་གྱི་འབྲེལ་ཡོད་མི་སྣ་ཁྲིད་ནས་ཁུན་མིང་དང་ཆུས་ཅིང་།  ཡུས་ཞིས་སོགས་ས་ཆར་སོང་སྟེ་བདེ་ཆེན་གྱི་མཐོ་འབྲིང་འཛིན་གྲྭའི་སློབ་མ་དང་རྗེས་འདེད་དགེ་རྒན་རྣམས་ལ་འཚམས་འདྲི་བྱས་ཤིང་། སློབ་གསོའི་རོགས་སྐྱོར་ལས་ཀ་མཐུད་འབྲེལ་བྱས་པ་རེད།   ཟླ4པའི་ཚེས11ཉིན།    ཞིང་ཆེན་སློབ་གསོ་ཐིང་དང་ཁུན་མིང་གྲོང་ཁྱེར་སློབ་གསོ་ཅུས། ཡུན་ནན་དགེ་འོས་སློབ་ཆེན་གྱི་ཟུར་གཏོགས་སློབ་འབྲིང་། ཡུན་ནན་སློབ་ཆེན་གྱི་ཞོར་གཏོགས་སློབ་འབྲིང་། ཁུན་མིང་སློབ་འབྲིང་དང་པོ་སོགས་དང་བཞུགས་མོལ་ཚོགས་འདུ་འཚོགས་རྗེས་གཏན་འཁེལ་བྱས་ཡོད་པ་ནི།   

གཅིག  2017 ལོའི་སྟོན་དུས་ཀྱི་སློབ་དུས་ནས་བཟུང་རང་ཁུལ་གྱི་ཁུལ་རིམ་པའི་མཐོ་རིམ་སློབ་འབྲིང་གསུམ་གྱིས་སློབ་སྐབས་རེ་རེར་སློབ་ཚན་ཁག་ཆ་ཚང་བའི་དགེ་རྒན་ཡུན་ནན་དགེ་འོས་སློབ་ཆེན་གྱི་ཟུར་གཏོགས་སློབ་འབྲིང་དང་། ཡུན་ནན་སློབ་ཆེན་གྱི་ཞོར་གཏོགས་སློབ་འབྲིང་། ཁུན་མིང་སློབ་འབྲིང་དང་པོ་སོགས་སུ་མངགས་ནས་སློབ་སྦྱོང་བྱེད་དུ་འཇུག་རྒྱུ་རེད།  

གཉིས། 2017ལོའི་ཞིང་ཆེན་ནང་ཁུལ་གྱི་བདེ་ཆེན་མཐོ་འབྲིང་འཛིན་གྲྭར་སློབ་མ་བསྡུ་བའི་མི་གྲངས་ཀྱི་གྲ་སྒྲིག་ལས་ཀ་ལེགས་པོར་སྒྲུབ་པ།   


གསུམ།   སློབ་སྐབས་རེར་ཐེངས་གཅིག་ནས་གསུམ་ལ་ཁུན་མིང་གྲོང་ཁྱེར་གྱི་རྐང་འཛིན་དགེ་རྒན་གདམ་མངག་བྱས་ཏེ་རང་ཁུལ་གྱི་མཐོ་འབྲིང་དགེ་རྒན་ལ་གསབ་སྦྱོང་སློབ་ཁྲིད་བྱས་ནས།   སྔོན་ཐོན་གྱི་སློབ་གཉེར་འདུ་ཤེས་དང་སྤུས་ལེགས་པའི་སློབ་གསོའི་ཐོན་ཁུངས་བདེ་ཆེན་དུ་ཁྱབ་ཐུབ་པར་བྱེད་རྒྱུ་དང་།དམིགས་ས་ཡོད་པའི་སྒོ་ནས་དགེ་རྒན་གྱི་བྱང་ཚད་མཐོ་རུ་གཏོང་བ་དང་སློབ་མའི་སློབ་སྦྱོང་གི་ནུས་པ་མཐོར་འདེགས་གཏོང་རྒྱུ་རེད།   

ལི་ཡན་ལན་གྱིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་། ཕ་ཡུལ་གྱི་ཡུལ་མི་སྤུན་ཟླའི་ཚབ་བྱས་ནས་་གྲོང་ཁྱེར་སོ་སོའི་སྲིད་གཞུང་དང་། སློབ་གསོའི་སྡེ་ཁག  སློབ་གྲྭ་ཁག་སོ་སོ་ནས་བདེ་ཆེན་གྱི་སློབ་མ་རྣམས་ལ་སེམས་ནུས་ཆེན་པོ་བཏོན་པ་དང་སློབ་གསོ་རོགས་སྐྱོར་གྱི་ལས་ཀ་དོན་འཁྱོལ་བཏང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད། དེ་དང་ཆབས་ཅིག་གྲོང་ཁྱེར་ཁག་གིས2017ལོར་སྔར་བཞིན་བདེ་ཆེན་ཁུལ་དུ་མཐོ་རིམ་སློབ་འབྲིང་གི་སློབ་མ་གསར་པ་བསྡུ་བའི་མི་གྲངས་སྟེར་བ་དང་།  སློབ་གསོའི་རོགས་སྐྱོར་དང་དགེ་རྒན་གསོ་སྦྱོང་ལས་ཀའི་ཐོག་ནས་ཤུགས་ཚད་ཆེ་རུ་གཏོང་བ། མཐོ་འབྲིང་གི་སློབ་ཚན་དགེ་རྒན་ཡུས་ཞིས་སློབ་འབྲིང་དང་པོར་སོང་ནས་སློབ་སྦྱོང་བྱེད་པ་སོགས་ཐོན་ཁུངས་མཉམ་སྤྱོད་བྱེད་པར་མཐུད་འབྲེལ་བྱས་ནས།  སློབ་གསོའི་ལས་ཀའི་ཐད་ཕན་འབྲས་རགས་ཙམ་ཐོན་ཡོད་པ་རེད།  

 


ལི་ཡན་ལན་འཁོར་དང་བཅས་པས་ད་དུང་བདེ་ཆེན་མཐོ་འབྲིང་འཛིན་གྲྭའི་སློབ་གྲོགས་རྣམས་ལ་སློབ་སྦྱོང་གི་གོ་སྐབས་དམ་འཛིན་དང་སློབ་གསོའི་ཐོན་ཁུངས་ལེགས་པོར་དམ་འཛིན་བྱེད་པ།   ཁྱོན་ཡོངས་ནས་འཕེལ་རྒྱས་དང་ཕུགས་འདུན་ཆེན་པོ་བཅང་ནས་རང་ཉིད་ཀྱི་སློབ་ཆེན་འགྲིམ་པའི་ཕུགས་འདུན་མངོན་འགྱུར་ཡོང་བ།   ཀུན་སྤྱོད་གཙང་མའི་ཐོག་ནས་སེམས་ཀྱི་ཉི་ཟླའི་སྣང་བརྙན་ལ་སྲུང་སྐྱོང་བྱེད་དགོས་པའི་སྐུལ་ལྕག་གནང་བ་རེད།   སློབ་གྲོགས་རྣམ་པ་ཚོས་ཀྱང་ངེས་པར་དུ་སྙིང་རུས་ཆེན་པོས་འབད་བརྩོན་བྱས་ཏེ་ཕ་ཡུལ་མི་དམངས་ཀྱི་དོན་དུ་གཟི་བརྗིད་བརྩོན་ལེན་བྱེད་པ་དང་། ཕྱིན་ཆད་སློབ་རིམ་དམའ་བའི་སློབ་གྲོགས་རྣམས་ལ་མིག་དཔེ་བཟང་པོ་ཞིག་སྟོན་རྒྱུའི་བསམ་འདུན་བསྟན་པ་རེད།