ཞི་ཅིན་ཕེན་གྱིས་ལིན་ཀྲིན་ཡེའོ་ཨི་ལ་མཇལ་འཕྲད་གནང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2017-04-12   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

 1.jpg


ཟླ4པའི་ཚེས11ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཀྲུང་ནན་ཧེ་ནས་གསར་དུ་བདམས་ཐོན་བྱུང་བ་མ་ཟད་ཀྲུང་དབྱང་སྲིད་གཞུང་གིས་བསྐོ་འཇོག་བྱས་པའི་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་པོ་ལྔ་པ་ལིན་ཀྲིན་ཡའོ་ཨི་ལ་མཇལ་འཕྲད་གནང་།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་བཅུ་གཅིག་ཉིན་གྱི་ཕྱི་དྲོར་ཀྲུང་ནན་ཧེ་དབྱིན་ཐེ་ནས་གསར་དུ་བདམས་ཐོན་བྱུང་བ་མ་ཟད་ཀྲུང་དབྱང་སྲིད་གཞུང་གིས་བསྐོ་འཇོག་བྱས་པའི་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་པོ་ལིན་ཀྲིན་ཡའོ་ཨི་ལ་མཇལ་འཕྲད་གནང་། 

ཞི་ཅིན་ཕེན་གྱིས་ལིན་ཀྲིན་ཡའོ་ཨི་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་པོ་ལྔ་པར་བདམས་ཐོན་བྱུང་བ་མ་ཟད་བསྐོ་འཇོག་བྱས་པར་རྟེན་འབྲེལ་ཞུས། ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཁྱོད་ཀྱིས་སྲིད་གཞུང་ནས་ལོ་སོ་དྲུག་གི་རིང་བྱ་བ་བསྒྲུབས་པ་དང་། ལྷག་པར་དུ་ཞང་ཀང་མེས་རྒྱལ་གྱི་པང་དུ་ལོག་རྗེས་དམིགས་བསལ་སྲིད་འཛིན་ས་ཁུལ་སྲིད་གཞུང་ནས་འགན་གལ་ཆེན་མང་པོ་ཁུར་ལ། རྒྱལ་གཅེས་ཀང་གཅེས་ཀྱི་ལངས་ཕྱོགས་བརྟན་པ་དང་དཀའ་སྤྱད་དངོས་གཉེར་བྱེད་ཅིང་། ཁག་ཁུར་བྱེད་ཕོད་པ་དང་སྲིད་འཛིན་གྱི་ཉམས་མྱོང་ཕུན་སུམ་ཚོགས་པར་མ་ཟད། རྙིང་འཛིང་གི་གནས་བབ་ལ་ཁ་ལོ་སྒྱུར་པའི་ནུས་པ་ལྡན་པས། ཞང་ཀང་གི་སྤྱི་ཚོགས་སྟེང་ཁས་ལེན་ཐོབ་ཚད་ཧ་ཅང་མཐོ་ལ། རྒྱལ་ཁབ་དང་ཞང་ཀང་ལ་སེམས་ཤུགས་འབུལ་བ་དང་ཁག་ཁུར་བྱེད་ཕོད་པས། ཀྲུང་དབྱང་གི་སྲིད་འཛིན་དཔོན་པོར་འཛིན་པའི་ཚད་གཞི་དང་མཐུན། ཁྱོད་རང་བདམས་ཐོན་བྱུང་བ་ནི་མིང་དོན་མཚུངས་པ་ཞིག་རེད་ཟེར།

ཞི་ཅིན་ཕེན་གྱིས་བསྟན་དོན། ད་ལོ་ནི་ཞང་ཀང་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་ཉི་ཤུ་འཁོར་བ་རེད། ལོ་ཉི་ཤུའི་རིང་ལ། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་དེ་ཞང་ཀང་ནས་ལག་ལེན་བྱས་ཏེ་ལེགས་འགྲུབ་ཆེན་པོ་བྱུང་། རྩ་ཁྲིམས་དང་གཞི་རྩའི་བཅའ་ཁྲིམས་ཀྱིས་གཏན་ཁེལ་བྱས་པའི་སྲིད་འཛིན་ས་ཁུལ་གྱི་ལམ་ལུགས་ཕན་ནུས་ལྡན་པར་ལག་བསྟར་བྱས་པ་དང་། ཞང་ཀང་དར་རྒྱས་གཏན་འཇགས་བྱུང་བས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གདེང་འཇོག་མཐོན་པོ་བྱེད་བཞིན་ཡོད། དེ་དང་མཉམ་དུ་གསར་གཏོད་རང་བཞིན་གྱི་ལས་དོན་ཞིག་ཡིན་པའི་ཆ་ནས། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་དེ་ཞང་ཀང་ནས་ལག་ལེན་བྱེད་པར་རྒྱུན་ཆད་མེད་པར་འཚོལ་ཞིབ་དང་མདུན་སྐྱོད་བྱེད་དགོས། ལོ་ཉི་ཤུའི་རིང་ལ་ཞང་ཀང་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་དང་། དུས་རིམ་དེར་འགྲན་རྩོད་དང་ཉེན་ཁ་ཡོད་ལ། གོ་སྐབས་དང་རེ་བས་ཁེངས་ཡོད། སྲིད་འཛིན་དཔོན་པོ་གསར་བ་ཡིན་པའི་ཆ་ནས། ཁྱེད་ཀྱི་འགན་ཁུར་ལྕི་བ་དང་ལས་འགན་གཟི་བརྗིད་ལྡན། ཀྲུང་དབྱང་གིས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་དང་། ཞང་ཀང་པས་ཞང་ཀང་སྐྱོང་བ། ཚད་མཐོའི་རང་སྐྱོང་བཅས་ཀྱི་ཆོད་སེམས་ལ་གཡོ་འགུལ་དང་འགྱུར་བ་གཏན་ནས་མེད་པ་དང་། སྟོབས་ཤུགས་ཡོད་རྒུས་ཁྱོད་དང་སྐབས་གསར་བའི་དམིགས་བསལ་སྲིད་འཛིན་ས་ཁུལ་སྲིད་གཞུང་གིས་ཁྲིམས་ལྟར་སྲིད་འཛིན་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན། ཁྱོད་ཀྱིས་མངགས་བཅོལ་སྟོང་ཟད་དུ་མི་གཏོང་བར་དམིགས་བསལ་སྲིད་འཛིན་ས་ཁུལ་སྲིད་གཞུང་དང་སྤྱི་ཚོགས་ལས་རིགས་སོ་སོའི་མགོ་ཁྲིད་དེ། རྒྱ་ཆེའི་ཞང་ཀང་གི་སྤུན་ཟླར་དམ་དུ་བརྟེན་ནས། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་བྱེད་ཕྱོགས་དང་གཞི་རྩའི་བཅའ་ཁྲིམས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། མཐུན་སྒྲིལ་བཟོད་སྒོམ་དང་སེམས་ཤུགས་གཅིག་སྒྲིལ། ཡར་བརྩོན་ལྷོད་མེད་བཅས་བྱས་ཏེ་ཞང་ཀང་གི་གོང་འཕེལ་ཡར་ཐོན་ཐད་ལ་བྱས་རྗེས་འཇོག་རྒྱུ་ནི་རེ་བ་ཡིན་ཟེར།

ཀྲང་ཏི་ཅང་དང་ལིས་ཡོན་ཁྲའོ། ལིས་ཀྲན་ཧྲུའུ། དབྱང་ཅེ་ཁྲི་སོགས་མཇལ་འཕྲད་ལ་ཞུགས།