རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དང་པོ་པེ་ཅིང་དུ་གྲོལ་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2013-03-26   རྩོམ་ཁུངས།   

 ཞིས་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ་དང་ཀྲང་ཏེ་ཅང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ།


       
       ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་17ཉིན་གློག་འཕྲིན་འབྱོར་གསལ།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དང་པོའི་གྲོས་རིམ་ཁག་ཕུན་སུམ་ཚོགས་པོའི་སྒོ་ནས་ལེགས་གྲུབ་བྱུང་བ་དང་སྐབས་གསར་པའི་རྒྱལ་ཁབ་ལས་ཁུངས་ཀྱི་གྲུབ་ཆའི་མི་སྣ་ཐོན་རྗེས་ཚེས་17ཉིན་གྱི་ཕྱི་དྲོ་མི་དམངས་ཚོགས་ཁང་ཆེ་མོར་གྲོལ་བ་རེད།
       རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་མཇུག་འགྲིལ་ཚོགས་འདུའི་ཐོག་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པ་བྱ་རྒྱུ་དང་འབྱོར་ཕྱུག་དང་། དམངས་གཙོ། ཤེས་དཔལ། ཞི་མཐུན་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྐྲུན་ཐུབ་པ་བྱ་རྒྱུའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱ་རྒྱུ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བ་བྱ་རྒྱུའི་ཀྲུང་གོའི་བསམ་འདུན་བསྒྲུབ་རྒྱུ་ནི་རྒྱལ་ཁབ་འབྱོར་ཕྱུག་དང་།མི་རིགས་དར་རྒྱས།མི་དམངས་བདེ་སྐྱིད་བཅས་ཡོང་བ་བྱ་རྒྱུ་དེ་རེད། ལང་ལོང་དུ་འཕྱུར་བའི་དུས་རབས་ཀྱི་རླབས་རྒྱུན་དང་མི་དམངས་མང་ཚོགས་ལ་འཚོ་བ་སྔར་བས་ཡག་པོ་སྐྱེལ་རྒྱུ་ཡོང་བའི་ཁ་ཞེ་གཉིས་མེད་ཀྱི་རེ་བའི་མདུན་དུ་ང་ཚོས་བློ་ཁེངས་ཡིད་ཚིམ་དང་སྒྱིད་ལུག་རྣམ་གཡེང་བྱས་ཏེ་གཏན་ནས་སྡོད་རྒྱུ་མེད་པར་ངེས་པར་དུ་ཡང་འབད་བསྐྱར་འབད་དང་ཞུམ་མེད་མདུན་སྐྱོད་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་མུ་མཐུད་མདུན་ཕྱོགས་སུ་སྐུལ་འདེད་གཏོང་དགོས་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བ་བྱ་རྒྱུའི་ཀྲུང་གོའི་བསམ་འདུན་སྒྲུབ་ཕྱིར་མུ་མཐུད་འབད་བརྩོན་ལྷོད་མེད་བྱེད་དགོས་ཞེས་ནན་གསུངས་གནང་བ་རེད།
       རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏེ་ཅང་དང་ཨུ་ཡོན་ཀྲང་གཞོན་པ་དང་དྲུང་ཆེ་བཅས་ཀྱིས་ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞིའི་འགན་བཞེས་པ་དང་འབྲེལ་ཀྲུའུ་ཞི་སྡིངས་ཆའི་མདུན་གྲལ་དུ་བཞུགས་ཡོད་པ་རེད།
       ལི་ཁེ་ཆང་དང་། ཡུས་ཀྲེང་ཧྲེང་། ལིའུ་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལི་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཚོགས་འདུར་ཕེབས་ཡོད་པ་རེད།
       ཧུའུ་ཅིན་ཐའོ་དང་། ཝུའུ་པང་གོ དབུན་ཅ་པའོ། ཅ་ཆིང་ལིན་སོགས་ཀྲུའུ་ཞི་སྡིངས་ཆའི་ཐོག་བཞུགས་ཡོད་པ་རེད།
       ཚེས་17ཉིན་གྱི་ཚོགས་འདུར་ཕེབས་དགོས་པའི་འཐུས་མི་2986ཡོད་པ་ནས་འཐུས་མི་2948ཕེབས་པ་དང་འཐུས་མི་38ཕེབས་ཐུབ་མེད། དངོས་སུ་ཕེབས་པའི་མི་གྲངས་དེ་ཁྲིམས་ཀྱིས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད།
       སྔ་དྲོའི་ཆུ་ཚོད་དགུ་པར་ཀྲང་ཏེ་ཅང་གིས་ཚོགས་ཆེན་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་རེད།
       ཚོགས་འདུའི་ཐོག་བརྡས་ཐག་བཅད་པ་བརྒྱུད་སྲིད་གཞུང་གི་ལས་དོན་སྙན་སྒྲོན་སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་གནང་བ་དང་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་ཆོག་མཆན་གནང་བ་རེད། གྲོས་ཆོད་ནང་འདས་ཟིན་པའི་ལོ་ལྔའི་རིང་རང་རྒྱལ་གྱི་སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ལ་ཐོབ་པའི་གྲུབ་འབྲས་ཧ་ཅང་ཆེན་པོར་ཚད་མཐོའི་གདེང་འཇོག་གནང་བ་དང་།རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འདས་ཟིན་པའི་ལོ་ལྔའི་ལས་དོན་ལ་ཁས་ལེན་གང་ལེགས་གནང་བ།སྙན་སྒྲོན་ནང་བཏོན་པའི་2013ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱིའི་བླང་བྱ་དང་དམིགས་ཚད་ལས་འགན་ལ་མོས་མཐུན་གནང་ཡོད་ཅེས་བསྟན་ཡོད།ཚོགས་འདུའི་ཐོག་སྙན་སྒྲོན་དེའི་ནང་འདི་ལོའི་སྲིད་གཞུང་གི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་གྲོས་འགོ་བཏོན་པ་དེ་ཐོག་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་གང་ལེགས་མངོན་པ་དང་ལག་ལེན་དུ་འཁྱོལ་ཐུབ་ངེས་ཡིན་པའི་ངོས་འཛིན་གནང་བ་རེད།
       ཚོཌ་འདུའི་ཐོག་2012ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོཌ་འཕེལ་རྒྱས་འཆར་འགོད་ལག་བསྟར་བྱ་ཚུལ་དང་2013ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་སྐོར་གྱི་གྲོས་ཆོད་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་དང་2013ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་ལ་ཆོག་མཆན་གནང་བ་དང་། 2012ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་ལག་བསྟར་བྱ་ཚུལ་དང་2013ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་སྐོར་གྱི་གྲོས་ཆོད་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་དང་2013ལོའི་ཀྲུང་དབྱང་གི་སྔོན་རྩིས་ལ་ཆོག་མཆན་གནང་བ་རེད།
       ཚོགས་འདུའི་ཐོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་སྐོར་གྱི་གྲོས་ཆོད་དང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན་སྐོར་གྱི་གྲོས་ཆོད། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་སྐོར་གྱི་གྲོས་ཆོད་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་དང་སྙན་སྒྲོན་དེ་གསུམ་ལ་ཆོག་མཆན་སྤྲོད་རྒྱུའི་གཏན་འབེབས་བྱས་པ་རེད།
       གྲོས་རིམ་དེ་དག་ལེགས་གྲུབ་བྱུང་རྗེས་ཞིས་ཅིན་ཕིང་གིས་གལ་ཆེའི་གསུང་བཤད་གནང་ཞིང་།ཁོང་གིས་ད་རེས་ཀྱི་ཚོགས་ཆེན་ཐོག་རང་ཉིད་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞིར་འདེམས་བསྐོ་བྱས་པ་དང་། འཐུས་མི་ཁག་དང་རྒྱལ་ཡོངས་མི་དམངས་ཀྱིས་ཡིད་ཆེས་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།
       ཞིས་ཅིན་ཕིང་གིས་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་བླ་ན་མེད་པའི་གོ་གནས་འཁུར་བ་དེའི་ལས་འགན་གཟི་བརྗིད་ཆེ་ལ་འགན་འཁྲི་ཧ་ཅང་ལྕི་པོ་ཡོད།ངས་རྩ་ཁྲིམས་ཀྱིས་དཀྲིས་པའི་འགན་འཁྲི་ཟོལ་མེད་ངང་སྒྲུབ་པ་དང་། མེས་རྒྱལ་ལ་ལྷག་བསམ་རྣམ་དག་བྱེད་པ།མི་དམངས་ལ་ལྷག་བསམ་རྣམ་དག་བྱེད་པ། རང་འགན་གཙང་སྒྲུབ་བྱེད་པ།དུས་དང་རྣམ་པ་ཀུན་ཏུ་སྤྱི་དོན་སྒྲུབ་པ། མི་དམངས་ལ་ཞབས་འདེགས་ཞུ་བ།རྒྱལ་ཁབ་ཆེད་དུ་ནུས་ཤུགས་གང་ཡོད་འདོན་པ། མི་དམངས་ཀྱི་ལྟ་སྐུལ་རང་རྟོགས་ངང་དང་ལེན་བྱེད་པ་བཅས་བྱས་ཏེ་འཐུས་མི་རྣམ་པ་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་ཡིད་ཆེས་དང་མངགས་བཅོལ་ཆེན་པོ་ཆུད་ཟོས་གཏན་ནས་གཏོང་གི་མིན་ཞེས་གསུངས་པ་རེད།
       ཞིས་ཅིན་ཕིང་གིས་ཀྲུང་གོའི་བསམ་འདུན་སྒྲུབ་པར་ངེས་པར་དུ་ཀྲུང་གོའི་འགྲོ་ལམ་ཐོག་སྐྱོད་པ་དང་། ཀྲུང་གོའི་སྙིང་སྟོབས་དར་སྤེལ་གཏོང་བ།ཀྲུང་གོའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ་བཅས་བྱེད་དགོས། རླབས་ཆེན་དམིགས་ཚད་མངོན་གྱུར་ཡོང་བར་འབད་བརྩོན་ལྷོད་མེད་བྱེད་དགོས། རྒྱལ་ཡོངས་ཀྱི་ཏང་ཤོག་ཁག་དང་།ཚོགས་པ་ཁགམི་རིགས་ཁགརིམ་པ་ཁགལས་རིགས་ཁག་བཅས་ཀྱི་མི་སྣས་ཀྲུང་གུང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ་ཀྲུང་གུང་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཐོག་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང“མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན་དང་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་མཛུབ་ཁྲིད་དུ་བྱས་ཏེ་ཐོག་མཐའ་བར་གསུམ་དུ་ཁེངས་སྐྱུང་གཟབ་ནན་དང་དཀའ་སྤྱད་འབད་འཐབ་དང་ཐོག་མཐའ་བར་གསུམ་དུ་དཀའ་སྤྱད་སྡུག་རུས་དང་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱས་ནས་རྒྱུན་ཆད་མེད་པར་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པ་བྱེད་པ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་རྒྱུའི་རྒྱལ་ཁ་གསར་པ་དེ་བས་ཆེ་བ་ལེན་རྒྱུར་གང་མགྱོ གས་སྐུལ་འདེད་བཏང་སྟེ་རྒྱུན་ཆད་མེད་པར་མིའི་རིགས་ལ་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་ཞེས་ནན་བཤད་གནང་བ་རེད།
       དེ་རྗེས་ཀྲང་ཏེ་ཅང་གིས་གསུང་བཤད་གནང་ཞིང་། ཁོང་གིས་ད་རེས་ཀྱི་ཚོགས་ཆེན་ཐོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་འདེམས་བསྐོ་བྱས་པ་མ་ཟད་རང་ཉིད་སྐབས་འདིའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་དུ་འདེམས་བསྐོ་བྱས་བྱུང་།ང་ཚོས་འཐུས་མི་ཚང་མ་དང་མཉམ་དུ་རྒྱལ་ཁབ་དང་མི་དམངས་ལ་ཚད་མཐོའི་འགན་འཁྲི་འཁུར་བའི་སྙིང་སྟོབས་ལ་བརྟེན་ནས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་ལས་འགན་ནན་སྒྲུབ་དང་།རང་འགན་གཙང་སྒྲུབ།ལས་ཀར་འབད་བརྩོན་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཆབ་སྲིད་འཕེལ་རྒྱས་གཏོང་རྒྱུ་དང་།མི་དམངས་ཚོའི་རང་ཐག་རང་གཅོད་འགན་ལེན་བྱེད་རྒྱུ།སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱེད་རྒྱུ་བཅས་ཀྱི་ཆེད་དུ་བློ་གྲོས་དང་སྟོབས་ཤུགས་ཡོད་ཚད་ཕུལ་ནས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཚོའི་མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་གཏོང་རྒྱུ་མིན་ཞེས་གསུངས་པ་རེད།
       ཆུ་ཚོད་བཅུ་པ་ལྷག་ཙམ་ཐོག་ཀྲང་ཏེ་ཅང་གིས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དང་པོ་གྲོལ་བའི་ཁྱབ་བསྒྲགས་གནང་བ་རེད།