རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-10-28   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
པད་མ་གངས་རིའི་ཐོག་ནགས་ཚལ་ཁེབས་ཚད་63.98%ཀྱིས་གངས་ལྗོངས་མཐོ་སྒང་ལ་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་བརྟན་པོ་འཛུགས། “ལོ་ལྔ་ཚན་བཅུ་བཞི་པའི་”རིང་། རང་ཁུལ་གྱིས་སྐྱེ་ཁམས་སྲུང་སྐྱོང་ལ་རྩ་བ་འཛིན་ནས་སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་རྒྱ་ཁྱོན་63.26%་དེ་ཐོན་ལས་འཕེལ་རྒྱས་ཀྱི“བདེ་འཇགས་ས་ཐིག”བསྒྱུར་ཏེ། འཆར་འགོད་ཀྱིས་སྣེ་ཁྲིད་དང་ཚན་རྩལ་གྱིས་ནུས་སྣོན། ཁེ་ཕན་སྦྲེལ་མཐུད་སོགས་བརྒྱུད་རིམ་རང་བཞིན་གྱི་བྱ་ཐབས་བརྒྱུད་ནས་སྐྱེ་ཁམས་བཟང་པོ་དེ་འཕེལ་རྒྱས་ཀྱི་སྒུལ་ནུས་སུ་བསྒྱུར། ནགས་ཚལ་ཁྲོད་ཀྱི་ཤ་མོ་ནས་ཞིང་ནང་གི་སྨན་རྩྭ། དེ་ནས་འབྲོག་རའི་ཕྱུགས་རིགས་བཅས་བར་སྐྱེ་ཁམས་བཟང་པོའི་རང་བྱུང་ཁུལ་གྱིས་རང་ཁུལ་གྱི་མཐོ་སྒང་གི་ཁྱད་ལྡན་དེང་རབས་ཞིང་ལས་འཕེལ་རྒྱས་ལ་ལྗང་མདོག་མ་རྩ་དང་ལྗང་མདོག་སྒུལ་ནུས་བསྣན་ཡོད།

ཁྱད་ལྡན་ཐོན་ལས་ལ་བརྟེན་ནས་ཕྱུག་འགྱུར་འབྲས་བུ་ཐོབ།
སྟོན་ཁའི་དུས་སུ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སན་པ་ཤང་ཝ་ཧྲཱ་གྲོང་ཚོའི་མུའུ་800ལྷག་ཙམ་ཟིན་པའི་མཐོ་སྒང་གི་ཀུ་ཤུ་ར་བའི་ནང་ཀུ་ཤུ་སྨིན་པ་དང་། ད་ལོའི་ཐོན་སྐྱེད་རིན་ཐང་སྔོན་དཔག་བྱས་ན་སྒོར་ཁྲི་570ལས་བརྒལ་རྒྱུ། ས་གནས་དེ་གར་ཀུ་ཤུ་ཡོད་པ་མ་ཟད། ད་དུང་ཡུལ་བབ་དང་བསྟུན་ནས་འབྲི་གཡག་དང་། བོད་ཕག གཡེར་མ་སོགས་ཀྱི་ཐོན་ལས་ཀྱང་འཕེལ་རྒྱས་བཏང་བ་དང་། གནད་འཁེལ་འཆར་འགོད་བྱས་ཏེ་ཐོན་ལས་མཉམ་འདྲེས་ཀྱི་ལམ་བུ་གསར་པར་འགྲོ་ཡོད། ཐག་རིང་ལུང་ཁུག་གི་གྲོང་གསེབ་དེར་འཕེལ་རྒྱས་ཀྱི་རྣམ་པས་ཁེངས་ཡོད། དེ་ནི་རང་ཁུལ་གྱིས“ལོ་ལྔ་ཚན་བཅུ་བཞི་པའི་”རིང་ས་བབ་མཐོ་བའི་གནམ་གཤིས་ཀྱི་ལེགས་ཆར་གཞི་ཚུགས་ནས། ཐོན་རྫས་སྣ་མང་མཉམ་ལས་ཀྱི་ཞིང་ལས་ཐོན་ལས་མ་ལག་འཛུགས་པའི་གསོན་ཉམས་ལྡན་པའི་མཚོན་ཚུལ་ཡིན།
ཀྲུང་ལུགས་སྨན་རྩྭའི་ཐོན་ལས་དེ་གཞི་ཁྱོན་དང་སྤུས་ཚད་མཐོ་རུ་ཕྱིན། རང་ཁུལ་གྱིས་“གཅིག་དྲུག”ལས་དོན་ལམ་སྲོལ་བརྒྱུད་དེ་ཀྲུང་ལུགས་སྨན་རྩྭའི་ཐོན་ལས་འཕེལ་རྒྱས་ལ་སྤྱི་འདོམས་བྱས་ནས་ས་ཆ་མང་པོར་ཁྱབ་ཅིང་རིགས་མང་པོ་ལྡན་པའི་དཔེ་སྟོན་རྟེན་གཞི་དང་སོན་བཟང་གསོ་སྤེལ་རྟེན་གཞི་བཏོད་པ་མ་ཟད། ད་དུང་ས་གནས་དེ་གའི་སྣེ་ཁྲིད་ཁེ་ལས་དང་མཉམ་ལས་ཁང་ཁག་ཅིག་གསོ་སྐྱོང་བྱས་ཏེ་“ཏང་ཀྲི་པུའུ་+ཀུང་སི+རྟེན་གཞི+ཞིང་དུད”བཅས་ཟུང་འབྲེལ་བྱེད་པའི་བྱ་ཐབས་ལ་བརྟེན་ནས་མང་ཚོགས་ཞུགས་བར་སྣེ་ཁྲིད་བྱས། སོན་བཟང་གསོ་སྤེལ་ནས་ལས་སྣོན་བར་གྱི་སྨན་རྩྭའི་འཕེལ་རྒྱས་ཚོང་ལམ་རིམ་བཞིན་གསལ་པོ་ཆགས་པ་དང་། “ཡུན་ནན་སྨན་རྩྭའི་ཕ་སའི”སྤུས་རྟགས་ཀྱི་ཤུགས་རྐྱེན་ཟམ་མི་ཆད་པར་ཆེ་རུ་ཕྱིན། མིག་སྔར་ཁུལ་ཡོངས་སུ་ཀྲུང་ལུགས་སྨན་རྩྭའི་འདེབས་འཛུགས་སྣེ་ཁྲིད་ཁེ་ལས་28དང་ཆེད་ལས་མཉམ་ལས་ཁང་800ལྷག་ཙམ་ཡོད་པས། ཞིང་དུད་མང་པོ་ཞིག་ལ་ལོ་རེའི་ཆ་སྙོམས་ཡོང་འབབ་སྒོར་2000ཡན་འཕར་བར་སྣེ་ཁྲིད་བྱས་ནས་ཀྲུང་ལུགས་སྨན་རྩྭ་ཐོན་ལས་དེ་མང་ཚོགས་ཀྱི་ཡོང་འབབ་བརྟན་པོ་འཕར་བའི་ཐབས་ལམ་གལ་ཆེན་དུ་གྱུར།
ཤ་མོ་ཐོན་ལས་ཐད་ཐོན་ཁུངས་སྲུང་སྐྱོང་དང་གསོ་སྤེལ་ཁྱབ་གདལ་མཉམ་འགྲོའི་ཐབས་ལམ་གསར་གཏོད་བྱས་ཏེ། 《ཤ་མོ་ཐོན་ལས་ཀྱི“3510”འཕེལ་རྒྱས་འཆར་འགོད》ལག་བསྟར་བྱས་པ་ནས་བཟུང་། རང་ཁུལ་གྱིས་ཕྱོགས་གཅིག་ནས་རི་སྐྱེས་ཤ་མོའི་ཐོན་ཁུངས་སྲུང་སྐྱོང་དང་ཚན་རིག་དང་མཐུན་པའི་སྒོ་ནས་འཐུ་བ་སོགས་ལ་དོ་སྣང་ཆེན་པོ་བྱེད་ཅིང་། ཕྱོགས་གཞན་ཞིག་ནས་ཚན་རྩལ་ལ་བརྟེན་ནས་ཤ་མོ་གསོ་སྤེལ་བྱེད་པའི་ལག་རྩལ་ཁྱབ་གདལ་ཧུར་ཐག་བཏང་བ་དང་ཆབས་ཅིག རིགས་གཅིག་མཁས་ཅན་གྱི་ལས་དོན་ས་ཚིགས་དང་ཚན་རྩལ་ཞིབ་འཇུག་ལས་སྟེགས་བསྐྲུན་ནས་ཐོན་ལས་འཕེལ་རྒྱས་ལ་ཚན་རྩལ་གྱི་སྒུལ་ཤུགས་སྣོན་ཡོད། ད་ལྟར་ཁུལ་ཡོངས་སུ་རྫོང་རིམ་པ་ཡན་གྱི་ཤ་མོ་ལས་སྣོན་གྱི་སྣེ་ཁྲིད་ཁེ་ལས་12ཡོད་པ་དང“སེམས་ཀྱི་ཉི་ཟླའི་བེ་ཤའི”སྤུས་རྟགས་ཀྱི་རིན་ཐང་སྒོར་དུང་ཕྱུར་43.32ཟིན་ནས་མང་ཚོགས་ལ་ཕན་པ་ཐོབ་ཡོད་པ་རེད།
ཁྱད་ལྡན་གསོ་སྤེལ་ལས་རིགས་དེ་གཞི་ཁྱོན་ཅན་དང་སྐྱེ་ཁམས་ཅན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བཞིན་ཡོད། ཐུན་མོང་མ་ཡིན་པའི་རི་མཐོ་འབྲོག་རའི་ཐོན་ཁུངས་ལ་བརྟེན་ནས། རང་ཁུལ་གྱིས་འབྲི་གཡག་དང་བྱ་སོགས་ཁྱད་ལྡན་རིགས་རྒྱུད་གཙོ་བོར་བྱས་ནས་ལྗང་མདོག་ནགས་འོག་གསོ་སྤེལ་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ཞིང་། འབྲི་གཡག་གི་ཤ་སྐམ་དང་བྱ་ཤ་སོགས་ཁྱད་ལྡན་ཐོན་རྫས་བརྒྱུད་དེ་ཐོན་ལས་སྦྲེལ་ཐག་རྒྱ་སྐྱེད་བྱས་པ་དང་ཐོན་རྫས་ཟུར་སྣོན་རིན་ཐང་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད། མིག་སྔར། “སེམས་ཀྱི་ཉི་ཟླའི་འབྲི་གཡག”དང་། “ཉི་ཤར་བྱ” “བདེ་ཆེན་བོད་ཕག”བཅས་ལ་རྒྱལ་ཁབ་ས་ཁམས་མཚོན་རྟགས་སྲུང་སྐྱོང་ཐོབ། ནགས་འོག་གསོ་སྤེལ་དེ་འབྲོག་པའི་འབབ་འཕར་ཕྱུག་འགྱུར་ཡོང་བའི་ཐོན་ལས་གལ་ཆེན་ཞིག་ཏུ་གྱུར་ཡོད། 2024ལོར་འབྲི་གཡག་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་བསྡོམས་རྩིས་བྱས་ན་སྒོར་དུང་ཕྱུར་1.15ཟིན་པ་དང་། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་ཉི་ཤར་བྱའི་ཟ་ཁང་80ལྷག་ཙམ་ཡོད་དེ་ཐོན་ཚོང་མཉམ་རྒྱས་ཡོང་བའི་རྣམ་པ་བཟང་པོ་ཞིག་ཆགས།

ནགས་འོག་དཔལ་འབྱོར་འཕེལ་རྒྱས་བཏང་སྟེ་རི་ཀླུང་སྔོ་ལྗང་དེ་ཕྱུག་འགྱུར་འབྱུང་ཁུངས་ཞིག་ཏུ་བསྒྱུར།
འབའ་ལུང་རྫོང་ཕན་ཐེན་ཀོ་ཤང་གི་ནགས་ཚལ་ཁྱབ་ཚད་73.8%ལས་བརྒལ་བ་དང་། ཐུན་མོང་མ་ཡིན་པའི་གནམ་གཤིས་ལ་བརྟེན་ནས་རི་སྐྱེས་ཤ་མོ་སོགས་ནགས་འོག་དཔལ་འབྱོར་སྐྱེ་དངོས་སྐྱེ་འཚར་ལ་ཁོར་ཡུག་ཡག་པོ་བསྐྲུན་པ་དང་བེ་ཤ་ལོ་རེར་ཉོ་ཚོང་བྱེད་ཚད་སྒོར་ཁྲི་2000ལས་བརྒལ་བ། དེས་ཞིང་དུད་ལ་ལོ་རེའི་ཆ་སྙོམས་འབབ་འཕར་སྒོར་ཁྲི་2ནས་3བར་ཡོང་རྒྱུར་སྣེ་ཁྲིད་བྱས། ས་གནས་དེ་གས“ཏང་རྩ་འཛུགས་+མཉམ་ལས་ཁང་+ཞིང་དུད་”བཅས་ཟུང་འབྲེལ་བྱས་པའི་རྣམ་པར་བརྟེན་ནས་ཁྲོམ་ར་འབྲེལ་མཐུད་བྱས་པ་དང་། དྲ་ཐོག་ཚོང་དོན་དང་གྲང་ཕྲེང་ལ་བརྟེན་ནས་“ཡུལ་ཟོག”ཕྱིར་ཚོང་བྱེད་པར་རོགས་རམ་བྱས། ནགས་སྲུང་པ་1100ལྷག་ཙམ་གྱིས་སྐྱེ་ཁམས་ལ་སྲུང་སྐྱོང་བྱས་ཏེ་ནགས་རིའི་ཟུར་སྣོན་རིན་ཐང་ཇེ་མཐོར་ཕྱིན་ནས་སྐྱེ་ཁམས་སྲུང་སྐྱོང་དང་མང་ཚོགས་ལ་འབབ་འཕར་ཡོང་བ་མངོན་འགྱུར་བྱུང་།
བེ་ཤའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་རང་ཁུལ་གྱིས་སྡེ་ཁུལ་མཉམ་སྐྱོང་དང་རི་བདག་གསོ་སྐྱོང་གི་བྱེད་ཐབས་སྤྱད་དེ“ཁག་གསུམ་དང་སྐུལ་འདེད་གསུམ”གྱི་གསོ་སྐྱོང་བཅའ་ཁྲིམས་ཁྱབ་གདལ་བཏང་བ་དང་ཆབས་ཅིག བེ་ཤའི་ཐོན་འབབ་གཏན་འགོག་གི་གཏན་འབེབས་དེ་ཡུལ་ཁྲིམས་ནང་བཀོད། རང་ཁུལ་གྱི་ནགས་འོག་བེ་ཤ་འཐུ་བའི་རྒྱ་ཁྱོན་མུའུ་ཁྲི་50.5ཟིན་པ་དང་2024ལོར་བེ་ཤའི་ཐོན་ལས་ལོ་ལེགས་ཆེན་པོ་བྱུང་ནས་ཕྱོགས་བསྡུས་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་16ལྷག་ཙམ་ཟིན་ཞིང་ཐོན་འབབ་རྒྱལ་ཡོངས་ཀྱི་30%ཟིན། “སེམས་ཀྱི་ཉི་ཟླའི་བེ་ཤ”ལོ་གཉིས་བསྟུད་མར་རྒྱལ་ཡོངས་ཀྱི་བེ་ཤའི་ས་ཁོངས་ཀྱི་སྤུས་རྟགས་ཨང་དང་པོར་བརྟན་པོའི་ངང་གནས་ཡོད། རང་ཁུལ་དུ་ད་དུང་རྒྱལ་ཡོངས་ཆེ་ཤོས་ཀྱི་བེ་ཤ་ཉོ་ཚོང་ཁྲོམ་ར་བཙུགས་ཡོད། གྲང་ཕྲེང་ཟོག་འགྲེམས་ཀྱི་བརྒྱུད་རིམ་ཧྲིལ་པོར་སྲུང་སྐྱོབ་བྱས་པ་དང་། བེ་ཤ་ཉིན་དེར་ཉོ་མཁན་གྱི་ལག་ཏུ་སྐྱེལ་ཐུབ། ཉེ་བའི་ལོ་གསུམ་ནང་རང་ཁུལ་དུ་ནགས་འོག་བེ་ཤ་རིགས་འདེབས་འཛུགས་གཞི་ཁྱོན་མུའུ་ཁྲི་1.26ཟིན་པ་དང་། གཉེར་སྐྱོང་བྱེད་པོ་59གསོ་སྐྱོང་བྱས་ཏེ། ཕྱོགས་བསྡུས་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་5.2ཙམ་ཟིན་ནས། མི་ཁྲི་1.8ཡི་ཡོང་འབབ་འཕར་བར་སྐུལ་ཁྲིད་བྱས་ནས་མི་རེའི་ཆ་སྙོམས་ལོའི་ཡོང་འབབ་སྒོར་3000ལྷག་ཟིན།
“ལོ་ལྔ་ཚན་བཅུ་བཞི་པའི་”རིང་རང་ཁུལ་གྱིས་ནགས་ཚལ་མང་པོས་བསྐྲུན་པའི་སྐྱེ་ཁམས་བང་མཛོད་རྨང་གཞིར་བྱས་ཏེ་ནགས་འོག་དཔལ་འབྱོར་གྱི་ཚད་བརྒལ་མང་པོར་སྐུལ་འདེད་བཏང་སྟེ། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་རྒྱལ་བདེ་གྲོང་ཚོས་བེ་ཤ་ཐོན་སྐྱེད་བྱེད་ས་གཞན་སྒྱུར་བྱས་ནས་ལོ་རེར་བེ་ཤ་ཏུན་300ཙམ་ཐོན་སྐྱེད་བྱས་ཤིང་། ཐོན་སྐྱེད་རིན་ཐང་སྒོར་ཁྲི་3900ཙམ་ཟིན། འབའ་ལུང་རྫོང་ཡུང་ཁྲུན་ཤང་གི་ཀྲུང་ལུགས་སྨན་རྩྭའི་སྐྱེ་ཚུལ་བཟང་བ་དང་། མཐའ་ཆུ་གྲོང་རྡལ་གྱིས་གུར་ཀུམ་བཙུགས་ནས་དུད་ཁ་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་1.5འཕར་བར་སྐུལ་ཁྲིད་བྱེད། འཇོལ་རྫོང་གིས་ཀུ་ཀུ་ཤོ་མོ་དང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་ནགས་འོག་བྱ་སོགས་ཀྱི་ཐོན་ལས་འཕེལ་རྒྱས་གཏོང་། 2022ལོ་ནས་2024ལོ་བར་ཁུལ་ཡོངས་ཀྱི་ནགས་འོག་དཔལ་འབྱོར་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་29.69ཙམ་ཟིན་ནས་ལོ་རེར་ཆ་སྙོམས་5%ལྷག་འཕར་ཏེ་སྐྱེ་ཁམས་གཞན་སྒྱུར་གྱི་ཐབས་ལམ་གསར་པ་ཞིག་བཏོད།
རང་ཁུལ་གྱིས་“ཕྱོགས་གསུམ་”ལ་དམིགས་ནས་ཐོན་ལས་རྒྱུན་མཐུད་ངང་ལེགས་བཅོས་བྱས་པར་སྐུལ་འདེད་བཏང་། འདེབས་འཛུགས་ལས་རིགས་ཕྱོགས་ལ་དམིགས་ནས་ཚན་ཞིབ་སློབ་གླིང་དང་མཉམ་ལས་བྱས་ཏེ། ཨའུ་རྩི་སོན་བཟང་བཞི་བདམས་གསོ་བྱས་ཤིང་ཆེད་ཁེ་བཅོ་བརྒྱད་ཐོབ། འདེབས་འཛུགས་ཕྱོགས་ལ་《བདེ་ཆེན་ཁུལ་གྱི་ཀྲུང་ལུགས་སྨན་རྩྭའི་ཐོན་ལས་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་གཏོང་བའི་ལོ་གསུམ་གྱི་བྱ་སྤྱོད་ལས་དོན་ཇུས་གཞི》བཏོན་ཏེ། ཉེ་བའི་ལོ་3རིང་ནགས་འོག་འདེབས་འཛུགས་རྒྱ་ཁྱོན་མུའུ་ཁྲི་3.76ཟིན་ནས་ཁུལ་རིམ་པའི་མཉམ་ལས་ཁང་10གསོ་སྤེལ་བྱས་ཞིང་། འབའ་ལུང་རྫོང་ལ“ཡུན་ནན་སྨན་རྩྭའི་ཕ་ས་”ཞེས་པའི་མཚན་སྙན་ཐོབ་པ། ཁྲོམ་རའི་ཕྱོགས་ལ་ཧྲེན་ཀྲེན་ཤང་ཞུའེ་དང་ཡུན་ནན་གྱི་སྨན་དཀར་སོགས་ཁེ་ལས་ནང་འདྲེན་བྱས་ཏེ། ཚད་ལྡན་ཅན་གྱི་གླིང་ཁུལ་དང“གཏན་འཁེལ་སྨན་རྩྭ་གླིང”བསྐྲུན་ནས། ཀྲུང་ལུགས་སྨན་རྩྭའི་ཐོན་རྫས་44ལ“ཐོན་རྫས་གསུམ་དང་ཚད་ལྡན་རྟགས་ཅན་གཅིག”གི་དཔང་རྟགས་ཐོབ། རིམ་རྩིས་བྱས་ན་ཀྲུང་ལུགས་སྨན་རྩྭ་ཏུན་2000ལྷག་ཙམ་སྒྲུབ་པས་དུད་ཁ་རེར་ཆ་སྙོམས་ཡོང་འབབ་སྒོར་2000ཡན་འཕར་བ་རེད།
“ལོ་ལྔ་ཚན་བཅུ་བཞི་པའི་”རིང་། ཁུལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་མ་ལག་གིས་རིམ་པ་གོང་མའི་ཆེད་དོན་མ་དངུལ་སྒོར་ཁྲི་22677.3བརྩོན་ལེན་བྱས་ཏེ། སྐྱེ་ཁམས་དང་ཐོན་ལས་མཉམ་དུ་འཕེལ་རྒྱས་འགྲོ་རྒྱུར་འགན་ལེན་བྱས་ནས། ཁྱད་ལྡན་ཞིང་ལས་དེ་མང་ཚོགས་འབབ་འཕར་གྱི་འབྱུང་ཁུངས་སུ་འགྱུར་ནས། གངས་ལྗོངས་མཐོ་སྒང་ཐོག་སྐྱེ་ཁམས་དང་ཐོན་ལས་མཉམ་ཀ་འཕེལ་རྒྱས་འགྲོ་བའི་གསོན་ཉམས་དོད་པའི་རྣམ་པ་ཞིག་བཏོད།

ཚན་རྩལ་གྱི་ནུས་པ་དང་ཕན་འབྲས་ཆེ་རུ་བཏང་སྟེ་གསར་གཏོད་ཀྱི་སྒུལ་ཤུགས་ལ་བརྟེན་ནས་འཕེལ་རྒྱས་ཀྱི་གནད་དོན་ཐག་གཅོད་བྱེད།
སེམས་ཀྱི་ཉི་ཟླའི་ཞོག་ཁོག་ཚན་རྩལ་ཁང་གིས་ཞོག་ཁོག་གི་དུག་མེད་སོན་བཟང་ཁྱབ་གདལ་བཏང་བ་དང་གནོད་མེད་ཐོན་ལས་མཐོ་རུ་གཏོང་བ། ཞིང་འཕྲུལ་ཞིང་རྩལ་མཉམ་འདྲེས་དང་། གནོད་མེད་སྔོན་འགོག་ཚོད་འཛིན་དང་སྤྱི་འདོམས་ཚོད་འཛིན་མཉམ་འདྲེས་སོགས་ཀྱི་ལག་རྩལ་སྤྱད་དེ་སོན་བཟང་རྟེན་གཞི་མུའུ་སྟོང་བསྐྲུན་པས་ལྟེ་བའི་ཁུལ་གྱི་མུའུ་རེའི་ཐོན་ཚད་7%ནས་10%བར་མཐོ་རུ་ཕྱིན། འདེབས་འཛུགས་དུད་ཁའི་ལོ་རེའི་ཡོང་འབབ་5%ནས་10%བར་འཕར་ཡོད། འདེབས་འཛུགས་བྱེད་མཁན་ཝང་མའོ་ལིན་གྱིས་སོན་རིགས་གསར་པ་དང་ལག་རྩལ་གསར་པ་སྤྱད་རྗེས། ཞོག་ཁོག་མུའུ་རེའི་ཐོན་ཚད་སྤྱི་རྒྱ་1200ནས་སྤྱི་རྒྱ་2000ཡན་ལ་འཕར་ཏེ། རང་ཁུལ་གྱི་ཚན་རྩལ་ལ་བརྟེན་ནས་ཞིང་ལས་་རོགས་རམ་བྱས་པའི་གསོན་ཉམས་ལྡན་པའི་སྒུལ་ཤུགས་ཞིག་ཏུ་གྱུར།
“ལོ་ལྔ་ཚན་བཅུ་བཞི་པའི་”རིང་། རང་ཁུལ་གྱིས་ཚན་རྩལ་ལ་བརྟེན་ནས་མཐོ་སྒང་གི་ཞིང་ལས་ལ་འབད་འབུངས་བྱས་པ་དང་། རྒྱུན་མཐུད་ངང་འདེབས་འཛུགས་དཀའ་བ་དང་ལས་སྣོན་དལ་བ། ཕན་འབྲས་དམའ་བ་སོགས་ཀྱི་འཕེལ་རྒྱས་དཀའ་གནས་ཐག་གཅོད་བྱས། 2024ལོར། རང་ཁུལ་གྱིས་རྒྱལ་ཁབ་དེང་རབས་ཞིང་ལས་ཐོན་ལས་ལག་རྩལ་མ་ལག་གི་ཕྱོགས་བསྡོམས་ཚོད་ལྟ་ས་ཚིགས་གཉིས་འཛུགས་སྐྲུན་ལེགས་འགྲུབ་བྱུང་བ་དང་། རིམ་པ་ཁག་གི་ཞིང་ལས་ཐོན་སྐྱེད་འཕེལ་རྒྱས་ཀྱི་ཆེད་སྤྱོད་ཐེབས་རྩའི་རྣམ་གྲངས་སུམ་ཅུ་ཙམ་ལག་བསྟར་བྱས་པ། ཡུན་ནན་ཞིང་ཆེན་ཚན་རྩལ་འཆར་འགོད་དང་ཚན་རྩལ་ཆེད་སྤྱོད་ཆེ་གྲས། ཀྲུང་དབྱང་གིས་ཁྲིད་སྟོན་ཐེབས་རྩའི་རྣམ་གྲངས་བཅས་གསུམ་ལག་བསྟར་བྱས་པ། བཟའ་བྱའི་ཤ་མོའི་འཆར་འགོད་དོན་འཁྱོལ་ནང་ཞུགས་པ་དང་། ལིའུ་ཧུང་ཀའོ་དང་ཀྲའོ་ཡུང་ཁྲང་བཅས་རིགས་གཅིག་མཁས་ཅན་གཉིས་ཀྱི་ལས་དོན་ས་ཚིགས་བསྐྲུན་པ། བདེ་ཆེན་ཁུལ་གྱི་“ཡུན་ནན་སྨན་རྩྭའི་ཕ་ས་”ཐོན་ལས་ཞབས་ཞུའི་མ་ལག་གསར་གཏོད་དང་བཀོལ་སྤྱོད་རྣམ་གྲངས་ཀྱི་མདུད་ཐིག་ལེགས་གྲུབ་བྱུང་བ། ཁེ་ལས་དྲུག་“གྲངས་འཛིན་ཡུན་ནན”ལས་སྟེགས་སུ་བཅའ་སྡོད་བྱས་པ་དང་འབྲེལ་ཀྲུང་ལུགས་སྨན་རྩྭའི་ཆ་འཕྲིན་ལྟ་ཞིབ་ཚད་ལེན་ས་ཚིགས་བཙུགས་པར་ཁྲིད་སྟོན་བྱས་པ། འཇོལ་རྫོང་ཡུན་ལིན་ཤང་གསལ་ནང་གྲོང་གི་གྲོང་གསེབ་དར་རྒྱས་ཀྱི་ཚན་རྩལ་གསར་གཏོད་གྲོང་ཚོའི་རྣམ་གྲངས་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་ཡོད། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཀྲུང་ཧའོ་ཀྲུང་ལུགས་སྨན་རྩྭ་འདེབས་འཛུགས་འགན་འཁྲི་ཚད་ཡོད་ཀུང་སི་ཡིས་ཡུན་ནན་དགེ་འོས་སློབ་ཆེན་གྱི་ནུས་ཁུངས་དང་ཁོར་ཡུག་ཚན་རིག་སློབ་གླིང་གིས་ཞིབ་འཇུག་གསར་སྤེལ་བྱེད་པའི་ཉི་ནུས་དང་ཚ་ཕུམ་མཉམ་འབྲེལ་སྲོ་སྐམ་མ་ལག་ནང་འདྲེན་བྱས་ནས་བསིལ་སྐམ་གྱི་དུས་ཚོད་སྔོན་མའི་ཟླ་བ་གསུམ་ནས་ཉི་མ་བཞིར་ཐུང་དུ་གཏོང་བ་མ་ཟད། སྤུས་ཀ་བརྟན་ལྷིང་དང་འབག་བཙོག་མེད་པ། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཉི་ཤར་ཤང་ཐང་སྨད་གྲོང་གི་བཟའ་བྱའི་ཤ་མོའི་རིགས་འདེབས་འཛུགས་རྟེན་གཞི་ཡིས་ཆེད་མཁས་པའི་ལས་ཀའི་ས་ཚིགས་ཀྱིས་ཞིབ་འཇུག་དང་གསར་སྤེལ་བྱེད་པའི་རིག་ནུས་དྲོད་འཛིན་ལག་རྩལ་ལ་བརྟེན་ནས་དུས་མིན་གྱི་ཀུ་ཀུ་ཤ་མོ་སོགས་དུས་གཡོལ་ནས་ཕྱིར་འཚོང་བྱས་པ། སེམས་ཀྱི་ཉི་ཟླ་ཆང་ལས་མ་རྐང་ཚད་ཡོད་ཀུང་སི་ཡིས་ཐོན་ཚད་ཚོད་འཛིན་ནན་པོ་བྱས་པ་དང་། ཁྲི་ཞ་ཀྲུའུ་སོགས་སྤུས་ལེགས་རིགས་སྣ་དྲུག་ཁྱབ་སྤེལ་གཏོང་བ་མ་ཟད། མཉམ་འབྲེལ་དྲ་བའི་ལག་རྩལ་དང་སྐད་གཉིས་ལག་རྩལ་རུ་ཁག་གྲོང་ཚོར་བཅའ་སྡོད་ཁྲིད་སྟོན་བྱེད་པར་བརྟེན་ནས་རྒུན་འབྲུམ་ཚང་མ་འཚོལ་བསྡུ་ཚད་གཞི་དང་མཐུན་པར་འགན་ལེན་བྱས། ཀུང་སི་དེས་ཐོན་སྐྱེད་བྱེད་པའི་རྒུན་ཆང་ལ་སྐྱེ་ཁམས་ཐོན་ཁུལ་གྱི་བདེན་དཔང་ར་སྤྲོད་ཐོབ་ནས་མཐོ་སྒང་གི་རྒུན་ཆང་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་ཁྱབ་པ་དང་། ལག་རྩལ་དང་རྣམ་གྲངས། ལས་སྟེགས་བཅས་ལ་བརྟེན་ནས་ཡུན་རིང་ངང་གསོག་འཇོག་བྱས་པར་བརྒྱུད། མཐོ་སྒང་གི་ཁྱད་ལྡན་ཞིང་ལས་ཕྱོགས་ཡོངས་ནས་སྤུས་ཚད་མཐོ་རུ་གཏོང་བ་དང་ཕན་འབྲས་ཆེ་རུ་ཕྱིན།
མཐོ་སྒང་དུ་ལོ་ལེགས་བྱུང་བའི་སྐབས་སུ་ཚན་རྩལ་དེ་མཐོ་སྒང་ཐོན་ལས་ཀྱི་གསོན་ཤུགས་གསར་པ་ཞིག་ཏུ་གྱུར་ཏེ། ཁེ་ཕན་སྦྲེལ་མཐུད་ལམ་སྲོལ་ཁྲོད་མང་ཚོགས་ལ་ཕན་པ་ཐོབ།