གུང་གསེང་རིང་ཡུལ་སྐོར་ལས་གཞི་འདི་ལ་དགའ་བསུ་ཆེན་པོ་ཐོབ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-10-06   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    “རྒྱལ་སྟོན”དུས་ཆེན་ལ་སླེབས་པ་དང་མཉམ་དུ་སེམས་ཀྱི་ཉི་ཟླར་ཡུལ་སྐོར་བ་མང་པོ་མཐོ་རླབས་ཤིག་འཕྱུར་བ་རེད། དེའི་ཁྲོད་བོད་ཁྱིམ་སྤྲོ་སྐྱིད་ཁང་ནི་ས་གནས་དེ་གའི་ཁྱད་ཆོས་འབུར་དུ་ཐོན་པའི་ཡུལ་སྐོར་རྣམ་གྲངས་ཤིག་ཡིན་པས། ཡུལ་སྐོར་བ་མང་པོ་ཞིག་གིས་དེ་གདམ་ག་བྱེད་བཞིན་ཡོད་ལ། དགའ་མོས་ཆེན་སྐྱེས་བཞིན་ཡོད་པ་རེད།    

    གངས་ལྗོངས་ས་མཐོའི་སེམས་ཀྱི་ཉི་ཟླར་བོད་ཁྱིམ་སྤྲོ་སྐྱིད་ཁང་བྱ་རྒྱུ་དེ་གནས་འདིའི་ཡུལ་སྐོར་བའི་མིང་བྱང་གསར་པ་ཞིག་ཏུ་གྱུར་ཡོད། གོང་གསེང་རིང་ས་གནས་དེ་གའི་ཐུའུ་སི་གཞིས་ཀའི་ནང་མི་300ལྷག་ཙམ་མཉམ་དུ་འཛོམས་ནས་ཐུན་མོང་མ་ཡིན་པའི་མི་རིགས་རིག་གནས་ཡུལ་སྐོར་ཞིག་ལ་རོལ་མྱོང་བྱེད་བཞིན་ཡོད་པ་རེད། ཡུལ་སྐོར་བ་ཚོས་བོད་ཟས་དང་བོད་ཀྱི་གླུ་གར་འཁྲབ་སྟོན་ལ་རོལ་མྱོང་བྱས་པས་བོད་རིགས་གནས་གཏིང་ཟབ་པའི་སྒོ་ནས་ཉམས་ལེན་ཐེངས་ཤིག་བྱས་པ་རེད།      

    ཚོམས་ཆེན་གྱི་དཀྱིལ་དུ་ཡོད་པའི་གར་སྟེགས་ཐོག་ངོ་མཚར་ཆེ་བའི་གླུ་གར་འཁྲབ་སྟོན་བྱེད་ལ།  བོད་རིགས་ཤོམ་འགྲོ་དང་ཞབས་བྲོ། སྐོར་བྲོ། གཡག་གར་སོགས་སྲོལ་རྒྱུན་འཁྲབ་སྟོན་སྣ་མང་ཕུན་སུམ་ཚོགས་སྟེ།  ཡུལ་སྐོར་བ་ཚོས་ཟས་ལ་རོལ་ཞོར་གླུ་གར་འཁྲབ་སྟོན་ལ་ལྟ་བ་དང་།འཁྲབ་སྟོན་པ་དང་ཡུལ་སྐོར་བའི་དབར་སྤེལ་རེས་ཡང་ཡང་བྱེད་པས། ཡུལ་སྐོར་བ་ཚོའི་དགའ་སྤྲོའི་རྣམ་པ་རྒྱུན་ཆད་མེད་པར་འཕེལ་ཞིང་།བོད་ཁྱིམ་འདི་དགའ་སྤྲོའི་དགོད་སྒྲས་ཁེངས་པ་བྱས།

    སེམས་ཀྱི་ཉི་ཟླའི་བོད་ཁྱིམ་སྤྲོ་སྐྱིད་ཁང་གི་འགན་འཁུར་བ་ཧོ་ཡུན་ལེ་ཡིས་ང་ཚོས་བོད་རིགས་ཀྱི་གདོད་མའི་རིག་གནས་རྒྱུན་འཛིན་བྱ་རྒྱུར་གཞོལ་བ་དང་དུས་མཚུངས་ཡུལ་སྐོར་བས་དགའ་པོ་བྱེད་པའི་ཁྱད་ཆོས་ལྡན་པའི་རྣམ་པ་སྣ་ཚོགས་སྤྱད་དེ་སེམས་ཀྱི་ཉི་ཟླའི་ཐུན་མོང་མ་ཡིན་པའི་བཟའ་བཏུང་རིག་གནས་དང་དམངས་ཁྲོད་ཀྱི་གླུ་གར་རིག་གནས་གསོན་ཉམས་ལྡན་པའི་ངང་ཡུལ་སྐོར་བར་མངོན་པར་བྱ་རྒྱུ་ཡིན་ཞེས་བཤད། 

    ཅང་སུའུ་ནས་ཡོང་བའི་ཡུལ་སྐོར་བ་ཤའོ་ཡུས་ཅེ་ཡིས“ད་ཐེངས་ཀྱི་མྱོང་ཚོར་ནི་བརྗེད་པར་དཀའ་བ་ཞིག་འདུག ས་གནས་ས་ཐོག་གི་རྣམ་པ་ཧ་ཅང་འཁྲུག་ཆ་དོད་པ་མ་ཟད། ད་དུང་སྤེལ་རེས་ཀྱི་བྱེད་སྒོ་ཕུན་སུམ་ཚོགས་པོ་ཡོད་པ་དང་འཁྲབ་སྟོན་ཡང་ཧ་ཅང་ལེགས་པས་ངས་སེམས་ཀྱི་ཉི་ཟླའི་མི་རིགས་མང་པོའི་རིག་གནས་ཀྱི་རྣམ་པ་ཟབ་མོ་ཚོར་བྱུང”ཞེས་བཤད།      ཀུའེ་དབྱང་ནས་ཡུལ་སྐོར་དུ་ཡོང་མཁན་ཀྲའོ་ཙེ་ཧུའེ་ཡིས“འདི་གར་རྩེད་མོ་ཧ་ཅང་སྐྱིད་པོ་འདུག མི་ཧྲིལ་པོ་བག་ཕེབས་པ་དང་ས་གནས་དེ་གའི་མི་རྣམས་ཀྱིས་སྤྲོ་སེམས་འཁོལ་བའི་ངང་སྣེ་ལེན་ཞུ་གི་འདུག་པས་གནོན་ཤུགས་མི་འདུག   འདི་གར་རྩེད་མོ་རྩེད་སྐབས་ཧ་ཅང་སྐྱིད་པོ་འདུག”ཅེས་བཤད།

            ད་ཐེངས་ཀྱི“རྒྱལ་སྟོན”གྱི་དུས་སུ་སེམས་ཀྱི་ཉི་ཟླའི་བོད་ཁྱིམ་སྤྲོ་སྐྱིད་ཁང་བྱེད་མཁན་ཧ་ཅང་མང་པོ་ཡོད་པ་དེས། སེམས་ཀྱི་ཉི་ཟླའི་ཕུན་སུམ་ཚོགས་པའི་མི་རིགས་རིག་གནས་ཡུལ་སྐོར་ཐོན་ཁུངས་མངོན་པར་མ་ཟད། ས་གནས་དེ་གའི་ཡུལ་སྐོར་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་སྦྱིན་ཡོད། འབྱུང་འགྱུར་ཡུལ་སྐོར་བ་དེ་བས་མང་བ་སེམས་ཀྱི་ཉི་ཟླར་ཡུལ་སྐོར་དུ་སྐྱོད་པ་དང་ངོ་མཚར་ཆེ་བའི་ས་གཞི་དེའི་ཐོག་མི་རིགས་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་ཉམས་སུ་མྱོང་བར་ཡིད་ཆེས་ཡོད།