རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-09-19   རྩོམ་ཁུངས།    中国西藏网藏文版
དེ་སྔོན། སྨན་བཅོས་འགན་བཅོལ་གྱི་མི་སྒེར་གྱི་རྩིས་ཐོའི་ནང་གི་དངུལ་ནི་ལས་བཟོ་པ་རང་ཉིད་ཀྱིས་མ་གཏོགས་བེད་སྤྱོད་གཏོང་ཆོག་གི་མེད། རྗེས་སུ་མཉམ་སྤྱོད་བྱེད་མཁན་ཐོ་འགོད་བྱེད་པའི་བྱེད་སྟངས་བརྒྱུད་ཞིང་ཆེན་ནང་ཁུལ་དུ་མཉམ་སྤྱོད་བྱ་རྒྱུ་མངོན་འགྱུར་བྱུང་ཡོད།
ད་ཆ། རང་གི་ཁྱིམ་མི་ས་གནས་དེ་གའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་ཡོད་ཚེ། འགན་བཅོལ་ནང་ཞུགས་མཁན་གྱི་ལས་བཟོ་པས་སྨན་བཅོས་འགན་བཅོལ་དངུལ་ཁུག་ནང་གི་དངུལ་ཁྱིམ་མིར་དངུལ་སྒྱུར་བྱས་ཆོག་པ་བཟོས་ཡོད་པས། གཉེན་ཉེའི་བར་སྨན་བཅོས་འགན་བཅོལ་གྱི་མི་སྒེར་གྱི་རྩིས་ཐོ་མཉམ་སྤྱོད་བེད་སྤྱོད་བྱ་རྒྱུ་བྱུང་ཡོད།
སྨན་བཅོས་འགན་བཅོལ་དངུལ་ཁུག་ཅེས་པ་ཅི་ཞིག་ཡིན།
སྨན་བཅོས་འགན་བཅོལ་དངུལ་ཁུག་ནི་སྨན་བཅོས་འགན་བཅོལ་སྡེ་ཚན་གྱིས་འགན་བཅོལ་ནང་ཞུགས་མཁན་ལ་བཟོས་པའི་མ་དངུལ་གྱི་རྩིས་ཐོ་ཡིན་པ་དང་། དེ་མི་སྒེར་གྱི་སྨན་བཅོས་འགན་བཅོལ་ཨང་རྟགས་དང་འབྲེལ་ཡོད།
འགན་བཅོལ་ནང་ཞུགས་མཁན་གྱིས་སྨན་བཅོས་འགན་བཅོལ་དངུལ་ཁུག་གི་དངུལ་སྒྱུར་བྱེད་ནུས་བརྒྱུད་སྨན་བཅོས་འགན་བཅོལ་གྱི་མི་སྒེར་གྱི་རྩིས་ཐོའི་དངུལ་གཉེན་ཉེའི་སྨན་བཅོས་འགན་བཅོལ་གྱི་དངུལ་ཁུག་ནང་དངུལ་སྒྱུར་བྱས་ནས་སྨན་བཅོས་དང་སྨན་ཉོ་སྐབས་རྩིས་རྒྱག་ཆོག་པས། གཉེན་ཉེའི་བར(ཞིང་ཆེན་ལས་བརྒལ་བ་ཚུད)སྨན་བཅོས་འགན་བཅོལ་གྱི་མི་སྒེར་གྱི་རྩིས་ཐོ་མཉམ་སྤྱོད་ཐུབ་ཡོད།
སྔོན་ཆད་སྨན་བཅོས་འགན་བཅོལ་གྱི་མི་སྒེར་གྱི་རྩིས་ཐོའི་ནང་གི་དངུལ་ཞིང་ཆེན་ནང་ཁུལ་དུ་མཉམ་སྤྱོད་བྱ་རྒྱུ་ཁོ་ན་མངོན་འགྱུར་བྱུང་ཡོད། གལ་ཏེ་འགན་བཅོལ་ནང་ཞུགས་མཁན་དང་ཁྱིམ་མི་ཞིང་ཆེན་གཅིག་གི་ནང་འགན་བཅོལ་ནང་ཞུགས་མེད་ཚེ། མཉམ་སྤྱོད་བྱེད་ཐབས་མེད།
མིག་སྔར། གལ་ཏེ་འགན་བཅོལ་ནང་ཞུགས་མཁན་གྱིས་ལས་བཟོ་པའི་སྨན་བཅོས་འགན་བཅོལ་ནང་ཞུགས་ཡོད་པ་མ་ཟད། མི་སྒེར་གྱི་རྩིས་ཐོའི་ཐོག་དངུལ་ལྷག་མ་ཡོད་ཚེ། མཉམ་སྤྱོད་བྱེད་ཆོག་པའི་ཁྱིམ་མི་ས་ཆ་གཞན་དུ་ཡོད་རུང་། ཁྱིམ་མིས་ས་གནས་དེ་གར་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་ཡོད་ཚེ། འགན་བཅོལ་ནང་ཞུགས་མཁན་གྱིས་སྨན་བཅོས་འགན་བཅོལ་གྱི་དངུལ་ཁུག་སྤྱད་དེ་ཁྱིམ་མིར་དངུལ་སྒྱུར་བྱས་ཆོག་གི་ཡོད་པས། མི་སྒེར་གྱི་རྩིས་ཐོའི་ནང་གི་དངུལ་ཞིང་ཆེན་ལས་བརྒལ་ནས་མཉམ་སྤྱོད་བྱ་རྒྱུ་མངོན་འགྱུར་བྱུང་ཡོད།
སྨན་བཅོས་འགན་བཅོལ་གྱི་དངུལ་ཁུག་ཇི་ལྟར་བཟོ་དགོས།
རྒྱལ་ཁབ་ཀྱི་སྨན་བཅོས་འགན་བཅོལ་ཞབས་ཞུའི་སྟེགས་བུའི་མདུན་ཤོག་ཐོག་སྨན་བཅོས་འགན་བཅོལ་གྱི་དངུལ་ཁུག་ཅེས་པ་མནན་ནས་ནང་དུ་འཛུལ་རྗེས། སྨན་བཅོས་འགན་བཅོལ་གྱི་དངུལ་ཁུག་བཟོས་མེད་པའི་ཆ་འཕྲིན་མངོན་ཡོང་བས། དངུལ་ཁུག་བེད་སྤྱོད་ཅེས་པ་མནན་ནས་ནང་དུ་འཛུལ་ཆོག
དངུལ་ཁུག་བེད་སྤྱོད་ཅེས་པ་མནན་རྗེས། བེད་སྤྱོད་བྱ་ཡུལ་དང་ལག་ཐོགས་ཁ་པར་གྱི་ཨང་གྲངས་ཀྱི་ཆ་འཕྲིན་མངོན་ཡོང་བ་དང་། འོས་འཚམ་གཏན་འཁེལ་བྱས་རྗེས་བེད་སྤྱོད་གཏན་འཁེལ་ཞེས་པ་མནན་ནས་དངུལ་ཁུག་སྤྱོད་ཆོག
སྨན་བཅོས་འགན་བཅོལ་དངུལ་ཁུག་སྤྱད་ནས་དངུལ་སྒྱུར་ཇི་ལྟར་བྱེད་དགོས།
སྨན་བཅོས་འགན་བཅོལ་དངུལ་ཁུག་གི་དངུལ་སྒྱུར་རེ་ཞུ་མནན་ནས་དངུལ་སྒྱུར་ཡུལ་གྱི་མི་སྣའི་གཞི་རྩའི་ཆ་འཕྲིན་འབྲི་དགོས། བྲིས་ཚར་རྗེས་ཡར་སྤྲད་དེ་ལན་སྒུག་དགོས།
དངུལ་སྒྱུར་མཁན་གྱིས་དངུལ་སྒྱུར་ལེགས་གྲུབ་བྱས་རྗེས། དངུལ་སྒྱུར་ཡུལ་མི་སྣས་རང་ཉིད་ཀྱི་སྨན་བཅོས་འགན་བཅོལ་དངུལ་ཁུག་ནང་གི་ལྷག་དངུལ་དང་དངུལ་སྒྱུར་གྱི་ཟིན་ཐོ་འདྲི་རྩད་བྱས་ཆོག
དོ་སྣང་བྱེད་དགོས་པ་ཞིག་ལ། སྨན་བཅོས་འགན་བཅོལ་དངུལ་ཁུག་གི་ཐོ་ཁོངས་རེ་རེས་ཉིན་གཅིག་གི་ནང་དངུལ་སྒྱུར་ཐེངས་གསུམ་མ་གཏོགས་བྱས་མི་ཆོག་པ་དང་། དངུལ་སྒྱུར་ཐེངས་རེ་རེའི་དངུལ་གྲངས་སྒོར2000ལས་བརྒལ་མི་རུང་། ཉིན་རེའི་ཆུ་ཚོད22:00ནས་ཉིན་གཉིས་པའི་ཆུ་ཚོད6:00བར་དངུལ་སྒྱུར་བྱས་མི་ཆོག གལ་ཏེ་དངུལ་སྒྱུར་ཡུལ་མི་སྣས་དུས་ཐོག་ཏུ་དངུལ་སྒྱུར་དང་ལེན་མ་བྱས་ཚེ། སྒྱུར་དངུལ་རྣམས་ཉིན་གཉིས་པའི་ཆུ་ཚོད6:00ཡི་ཐོག་དངུལ་སྒྱུར་མཁན་གྱི་རྩིས་ཐོའི་ནང་དུ་ཕྱིར་སློག་བྱེད་སྲིད།