རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-09-18   རྩོམ་ཁུངས།    མི་དམངས་ཉིན་རེའི་ཚགས་པར།
དྲ་རྒྱའི་བདེ་འཇགས་དོན་རྐྱེན་སྙན་ཞུའི་དོ་དམ་བྱ་ཐབས་ཚད་ལྡན་དུ་བཏང་ནས་དྲ་རྒྱའི་བདེ་འཇགས་དོན་རྐྱེན་ལས་བཟོས་པའི་གྱོང་གུན་དང་གནོད་འཚེ་དུས་ཐོག་ཏུ་ཚོད་འཛིན་བྱ་ཆེད། རྒྱལ་ཁབ་དྲ་སྦྲེལ་ཆ་འཕྲིན་གཞུང་དོན་ཁང་གིས《རྒྱལ་ཁབ་ཀྱི་དྲ་རྒྱའི་བདེ་འཇགས་དོན་རྐྱེན་སྙན་ཞུའི་དོ་དམ་བྱ་ཐབས》བཀྲམ་ནས་དྲ་རྒྱའི་བདེ་འཇགས་དོན་རྐྱེན་སྙན་ཞུའི་བརྒྱུད་རིམ་དང་བླང་བྱ་སྔར་བས་ཚད་ལྡན་དང་ཁ་གསལ་བཟོས་ཡོད། བྱ་ཐབས་དེ་2025ལོའི་ཟླ་11ཚེས་1ཉིན་ནས་ལག་ལེན་བསྟར་རྒྱུ་རེད།
རྒྱལ་ཁབ་དྲ་འཕྲིན་གཞུང་དོན་ཁང་གི་འབྲེལ་ཡོད་འགན་འཁུར་བས། ཉེ་བའི་ལོ་ཤས་རིང་། དྲ་རྒྱའི་བདེ་འཇགས་དོན་རྐྱེན་སྣ་ཚོགས་ཡང་སེ་ཐོན་ནས་ཤུགས་རྐྱེན་ཐེབས་ཤུགས་དང་གནོད་འཚེ་ཕོག་ཚད་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། དྲ་རྒྱའི་བདེ་འཇགས་དོན་རྐྱེན་འཕྲལ་སྡོམ་ཐག་གཅོད་བྱས་པའི་ལག་ལེན་ལ་གཞིགས་ན། དྲ་རྒྱའི་བདེ་འཇགས་དོན་རྐྱེན་ཐོན་རྗེས་དུས་ཐོག་ཏུ་འབྲེལ་ཡོད་སྡེ་ཚན་ལ་སྙན་སེང་ཞུས་ན། དྲ་རྒྱའི་བདེ་འཇགས་དོན་རྐྱེན་དུས་ཐོག་ཏུ་ཐག་གཅོད་ཐུབ་ནས་གནོད་འཚེ་ཆེ་རུ་མི་འགྲོ་བའམ་ཡང་ན་སྤྱི་ཚོགས་ཀྱི་ཤུགས་རྐྱེན་ངན་པ་མ་ཐོན་སྔོན་འགོག་བྱེད་པར་ཕན་ཐོགས་ཡོད།
བྱ་ཐབས་དེར་ཁྱོན་དོན་ཚན་14ཡོད་པ་དེའི་ནང་གཙོ་བོ་དྲ་རྒྱའི་བདེ་འཇགས་དོན་རྐྱེན་སྙན་ཞུའི་སྤྱད་འཐུས་ཁྱབ་ཁོངས་དང་། ལྟ་སྐུལ་དོ་དམ་འགན་འཁྲི། སྙན་ཞུའི་བྱེད་པོ། སྙན་ཞུའི་བརྒྱུད་རིམ། སྙན་ཞུའི་དུས་བཅད། སྙན་ཞུའི་ནང་དོན་སོགས་ལ་བླང་བྱ་ཚད་ལྡན་བཏོན་ཡོད། བྱ་ཐབས་ནང་གཏན་འཁེལ་ཁ་གསལ་བྱས་པར། དྲ་རྒྱའི་བདེ་འཇགས་དོན་རྐྱེན་སྙན་ཞུ་ནར་འགྱངས་དང་། ཆད་ཞུ། རྫུན་ཞུའམ་ཡང་ན་སྦ་གསང་བཅས་བྱས་ནས་གནོད་འཚེ་ཚབས་ཆེན་བཟོ་མཁན་ལ་ཁྲིམས་ལྟར་ཆད་པ་ནན་པོ་གཅོད་རྒྱུ་དང་། ལུགས་མཐུན་དང་དགོས་ངེས་ཀྱི་འགོག་སྲུང་བྱ་ཐབས་སྤྱད་དེ་དྲ་རྒྱའི་བདེ་འཇགས་དོན་རྐྱེན་གྱི་ཤུགས་རྐྱེན་དང་གནོད་འཚེ་ཆུང་དུ་ནུས་ལྡན་བཏང་བ་མ་ཟད། གཏན་འབེབས་ལྟར་དུས་ཐོག་ཏུ་སྙན་སེང་ཞུས་པར་གནས་ཚུལ་ལ་གཞིགས་ནས་འགན་འཁྲི་ཡང་དུ་གཏོང་རྒྱུའམ་ཡང་ན་འགན་འཁྲི་བདའ་འདེད་གཏོང་གི་མེད།
མིག་སྔར་དྲ་འཕྲིན་སྡེ་ཚན་གྱིས་དྲ་རྒྱའི་བདེ་འཇགས་དོན་རྐྱེན་སྙན་སེང་ཞུ་བའི་ཐད་སྦྲེལ་ཁ་པར་12387དང་། གཞུང་ཕྱོགས་དྲ་རྒྱ། སྐད་འཕྲིན་སྤྱི་རྟགས། སྐད་འཕྲིན་བྱ་རིམ་ཆུང་ངུ་། སྦྲགས་བསྐུར། བརྙན་སྐྱེལ་བཅས་དྲ་རྒྱའི་བདེ་འཇགས་དོན་རྐྱེན་སྙན་སེང་ཞུ་བའི་ཐབས་ལམ་རིགས་དྲུག་བཏོད་པ་དང་དྲ་རྒྱ་གཉེར་སྐྱོང་མཁན་དང་། སྤྱི་ཚོགས་རྩ་འཛུགས། མི་སྒེར་བཅས་ཀྱིས་གོང་གསལ་གྱི་ཐབས་ལམ་བརྒྱུད་དྲ་འཕྲིན་སྡེ་ཚན་ལ་དྲ་རྒྱའི་བདེ་འཇགས་དོན་རྐྱེན་སྙན་སེང་ཞུ་ཆོག