རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-09-17   རྩོམ་ཁུངས།    人民网藏文版
པུས་བརྩེགས་སུ་སྡོད་པ་དང་། དུས་ཡུན་རིང་པོར་མགོ་སྒུར་ནས་ལག་ཐོགས་ཁ་པར་རྩེད་པ། ཡུན་རིང་ལ་གློག་ཀླད་ཐོག་ལས་ཀ་བསྒྲུབ་པ། མགོ་སྔས་མཐོ་དྲགས་པ་སོགས་རྒྱུན་ལྡན་གྱི་གོམས་གཤིས་ཀྱིས་སྐེ་ཚིགས་ལ་གནོན་ཤུགས་ཚད་བརྒལ་ཐེབས་པས། རིམ་བཞིན་སྐེ་ཚིགས་མདུན་དུ་གསེག་ལ། ཐ་ན་སྐེ་ཚིགས་འཁྱོག་ཚད་དྲང་པོར་འགྱུར་བ་སོགས་ཀྱི་གནད་དོན་འབྱུང་ངེས། “མགོ་སྒུར་པའི་རིགས་”ཀྱི་སྐེ་ཚིགས་མི་བདེ་བ་གང་ལྟར་ལེགས་བཅོས་བྱེད་དགོས་ཟེར་ན། མཉམ་དུ་ཆེད་མཁས་པས་མཉམ་སྤྱོད་བྱས་པའི་ཚན་རིག་དང་མཐུན་པའི་ཞི་འཇགས་གཏོང་ཐབས་ལ་ཉན་རོགས།
1.སྐེ་ཚིགས་ནད་དེ་འདྲའི་མང་བའི་རྒྱུ་མཚན་ཅི་རེད།
སྐེ་ཚིགས་མདུན་དུ་གསེག་པ་དང་འཁྱོག་ཚད་དྲང་པོར་འགྱུར་བ་ནི་གློ་བུར་དུ་བྱུང་བ་ཞིག་མ་ཡིན་པར། ཡུན་རིང་པོར་བསགས་པའི་གནད་དོན་གང་མང་སྦས་གསང་དུ་གནས་ཡོད། རྒྱུན་དུ་མཐོང་བའི་རྒྱུ་རྐྱེན་ནི་ཡུན་རིང་ལ་འདུག་སྟངས་མི་ལེགས་པ་སྟེ། དཔེར་ན་མགོ་སྒུར་ནས་ལག་ཐོགས་ཁ་པར་བལྟ་བ་དང་། མདུན་ཅོག་ལ་སྦྱར་ནས་ལས་ཀ་བསྒྲུབ་པ། པུས་བརྩེགས་སུ་སྡོད་པ། མགོ་སྔས་མཐོ་དྲགས་པ་སོགས་ཀྱིས་སྐེ་ཚིགས་ཀྱི་རང་བྱུང་འཁྱོག་ཚད་ལ་ཐད་ཀར་གནོད་བྱེད་ཀྱི་ཡོད།
སྨན་པས་དྲན་སྐུལ་བྱས་དོན། དུས་ཡུན་རིང་པོར་འདུག་སྟངས་མ་ལེགས་ན། མཇིང་ཤ་ཤུགས་མེད་པར་འགྱུར་བ་དང་། མཁར་མཚམས་མདུན་གྱི་གནོན་ཤུགས་ཇེ་ཆེར་འགྲོ་བས། སྐེ་ཚིགས་བརྟན་པོ་མེད་པར་གྱུར་མཐར་འཁྱོག་ཚད་དྲང་པོར་འགྱུར་བ་དང་ཐ་ན་ལྡོག་ཕྱོགས་སུ་འཁྱོག་ངེས། ད་དུང་རུས་རྫས་འཕར་སྐྱེ་དང་མཁར་མཚམས་འབུར་ཐོན་ཇེ་མགྱོགས་སུ་གཏོང་སྲིད། དེ་ནི་གོ་རིམ་བཞིན་བྱུང་བ་ཞིག་ཡིན་པས། སྔ་ཙམ་ཤེས་ན་སྔ་ཙམ་ཐེ་གཏོགས་བྱེད་ཐུབ།
2.ནད་རྟགས་འདི་དག་དང་རང་བརྟག་བྱེད་ཐབས་ཡིད་ལ་འཛིན་དགོས།
སྐེ་ཚིགས་ལ་གནད་དོན་ཐོན་སྐབས། ལུས་ཕུང་གིས་མངོན་གསལ་གྱི་“བརྡ་རྟགས་”གཏོང་སྟེ། ནད་རྟགས་ངོས་འཛིན་དང་རང་བརྟག་བྱེད་ཤེས་ན། གནད་དོན་སྔར་བས་ཇེ་སྡུག་ཏུ་མི་འགྲོ་བར་འཇུག་ཐུབ།
1.རྒྱུན་དུ་མཐོང་བའི་ནད་རྟགས།
མགོ་ལྟག་ལ་ན་ཟུག་འབྱུང་སྟེ། མགོ་ལྟག་ལ་རྣོ་ཟུག་འབྱུང་བ་དཔེར་ན་ཁབ་ཀྱིས་གཙགས་པ། གྲིས་གཅོད་པའམ་ཡང་ན་གློག་འཁྱུད་པ་སོགས་ཀྱི་ཚོར་བ་འབྱུང་སྲིད། མགོ་སྒུར་པའམ་ལུས་འཁྱགས་པའི་སྐབས་སུ་འབྱུང་སྲིད།
སྐེ་མི་བདེ་བ་སྟེ། སྐེ་སྐྱུར་སྦོས་དང་། སྦྲིད་པའམ་ཡང་ན་བསྡམ་པའི་ཚོར་བ་འབྱུང་བས། རྒྱུན་དུ་ལྗིད་ཐེག་པའི་ཚོར་བ་ཡོད།
ཕྲག་རྒྱབ་རྒྱུན་ལྡན་མིན་པ་སྟེ། སོག་བར་དུ་སྐྱུར་སྦོས་དང་ན་ཟུག་སྦྲིད་པ་སོགས་བྱུང་ནས། འགུལ་སྐྱོད་ལ་འགལ་རྐྱེན་བཟོ་སྲིད།
དབང་རྩ་བཙན་གནོན་དང་འབྲེལ་ཡོད་ནད་རྟགས། དཔེར་ན་རྐང་ལག་སྦྲིད་པ་དང་ན་ཟུག་བྱུང་ན། དབང་རྩ་བཙན་གནོན་ཐེབས་པ་ཡིན་ངེས་པས་དུས་ཐོག་ཏུ་སྨན་བཅོས་བྱེད་དགོས།