​བདེ་ཆེན་ནས་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་བཞད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-09-13   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    བདེ་ཆེན་ཁུལ་ནི་ཡུན་ནན་ཞིང་ཆེན་གྱི་ནུབ་བྱང་རྒྱུད་དུ་གནས་པ་དང་།ཡུན་ནན་དང་།སི་ཁྲོན།བོད་ལྗོངས་བཅས་ཀྱི་འབྲེལ་མཚམས་སུ་གནས་པ།དེ་གར་གངས་རི་མུ་འབྲེལ་དང་།གཙང་པོ་དང་ཆུ་བོ་འཕྲེད་གཞུང་།མི་རིགས་26དང་མི་རིགས་ཁག་གི་མང་ཚོགས་ཁྲི་39མི་རབས་ནས་མི་རབས་བར་སྐྱེ་འཕེལ་བྱེད་ཡོད།ཀྲུང་གོ་གསར་པ་མ་བཙུགས་གོང་ས་ཆ་དེ་རི་མཐོ་ལ་གྲོག་རོང་ཟབ་པ།འགྲོ་ལམ་ཀྱག་ཀྱོག་ཆེ་བ།འགྲོ་སྐྱོད་བྱེད་སྐབས་དྲེལ་པ་ལ་བརྟེན་པ།དངོས་ཟོག་རྣམས་མིའི་ཕྲག་པར་འཁུར་བས།འགྲིམ་འགྲུལ་སྟབས་བདེ་པོ་མེད་པ་རེད།

    1957ལོའི་ཟླ་9ཚེས་13ཉིན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་བཙུགས་པ་དང་།གངས་ལྗོངས་ས་མཐོ་དུས་དེ་ནས་བཟུང་ལོ་རྒྱུས་ཀྱི་དུས་རབས་གསར་པར་སླེབས་ཡོད།ལོ་68རིང་།མི་རིགས་ཁག་གི་མང་ཚོགས་ཚོས་ཏང་གི་མི་རིགས་སྲིད་ཇུས་ཀྱི་འོད་སྟོང་འཕྲོ་བའི་འོད་ཟེར་འཕྲོ་བའི་འོག་ལག་གདང་དཔུང་སྦྲེལ་དང་འཕེལ་རྒྱས་དོན་གཉེར་བྱས་ཏེ་སེ་འབྲུ་དང་འདྲ་བར་དམ་པོར་བསྡམས་ནས་མཐུན་སྒྲིལ་ཡར་བརྩོན་གྱི་དུས་རབས་ཀྱི་ལེའུ་བརྩམས་ཡོད།

    འགྲོ་ལམ་མི་བདེ་ནས་བདེ་བར་བསྒྱུར། མི་དང་རྟ་ལ་བརྟེན་པ་ནས་སྒུལ་འཁོར་གྱི་དུས་རབས་སུ་སླེབས་པ།

    བདེ་ཆེན་གྱི་འགྲིམ་འགྲུལ་འཕོ་འགྱུར་ནི་བརྗིད་ཆགས་ཉམས་ལྡན་གྱི་འཕེལ་རྒྱས་ལོ་རྒྱུས་སྙན་ངག་ཅིག་རེད། 1952ལོའི་ཟླ་8པར་བདེ་ཆེན་གྱིས་ལོ་རྒྱུས་ཐོག་གི་གཞུང་ལམ་དང་པོ་སྟེ།་ཅུས་ཏན་ནས་འབའ་ལུང་བར་གྱི་གཞུང་ལམ་བསྐྲུན་པས་བདེ་ཆེན་གྱི་འགྲིམ་འགྲུལ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་འགོ་ཚུགས་ཡོད།

    1999ལོར་སེམས་ཀྱི་ཉི་ཟླ་གནམ་ཐང་དུ་གནམ་གྲུ་ཤར་གཏོང་ཐུབ་པ་དང་།2005ལོར་རིམ་མཐོའི་གཞུང་ལམ་སེམས་ཀྱི་ཉི་ཟླ་ནས་སུང་ཡོན་ཟམ་ཆེན་བར་གྱི་རིམ་པ་གཉིས་པའི་གཞུང་ལམ་བསྐྲུན་ཟིན་ནས་རླངས་འཁོར་ཤར་གཏོང་ཐུབ་ཅིང་།2012ལོའི་ལོ་མཇུག་ཏུ་སླེབས་སྐབས་ཁུལ་ཡོངས་ཀྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཐག་ལེ་དབར་ཁྲི་ཡི་འགག་སྒོ་ཆེན་པོ་ལས་ཐོག་མར་བརྒལ་བ་རེད།

    2021ལོའི་ཟླ་9ཚེས་29ཉིན་སེམས་ཀྱི་ཉི་ཟླ་ནས་ས་དམ་བར་གྱི་མྱུར་བགྲོད་གཞུང་ལམ་དུས་ཡུན་ལོ་7རིང་བསྐྲུན་ནས་ལམ་ཐིག་ཧྲིལ་པོར་རླངས་འཁོར་ཤར་གཏོང་ཐུབ་སྟེ་བདེ་ཆེན་དུ་མྱུར་བགྲོད་གཞུང་ལམ་ཤར་གཏོང་མི་ཐུབ་པའི་ལོ་རྒྱུས་མཇུག་འགྲིལ་བ་རེད།2023ལོའི་ཟླ་11ཚེས་26ཉིན་ཏན་བོད་ལྕགས་ལམ་ས་དམ་ནས་སེམས་ཀྱི་ཉི་ཟླའི་བར་གྱི་ལམ་དུམ་བསྐྲུན་ནས་མེ་འཁོར་ཤར་གཏོང་ཐུབ་སྟེ“རི་མཐོ་ལམ་ཐག་རིང་བ”ནས“སྒུལ་འཁོར་གྱི་དུས་རབས”བར་ངོ་མཚར་ཆེ་བའི་འགྱུར་ལྡོག་བྱུང་བ།

    དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་བྱུང་ནས་དབུལ་ཕོངས་རྗེས་ལུས་ནས་ཕྱོགས་ཡོངས་འབྱོར་འབྲིང་དུ་སླེབས་པ།

    འགྲིམ་འགྲུལ་འཕར་རྩ་ཆེན་པོས་དཔལ་འབྱོར་བསྡོམས་འབོར་ལྡབ་གཅིག་འཕར་རྒྱུར་སྐུལ་ཁྲིད་བྱས་ཡོད།2024ལོར་ཁུལ་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་307ཟིན་པ་དང་།གྲོང་གསེབ་ཀྱི་རྒྱུན་སྡོད་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་14504ཟིན་པ་དེ་2015ལོ་དང་བསྡུར་ན་ལྡབ་འཕར་བ་རེད།

    བདེ་ཆེན་གྱི་ཤིན་ཏུ་དབུལ་བའི་རྫོང(གྲོང་ཁྱེར)3དུས་བཀག་ལྟར་དབུལ་ཞྭ་ཕུད་ཐུབ་པ་དང་།གྲོང་ཚོ་དབུལ་པོ་147ཚང་མ་དབུལ་སྒྲོལ་ཐུབ་པ།དབུལ་པོའི་མི་འབོར་ཁྲི་7.4ཚང་མ་གཙང་སེལ་ཐུབ་པ།རྒྱལ་ཡོངས་ཀྱི“ཆུས་གསུམ་ཁུལ་གསུམ”ཁྲོད་སྔ་སྣུར་དུ་ཁུལ་ཧྲིལ་པོའི་དབུལ་སྒྲོལ་གྱི་དམིགས་ཚད་མངོན་འགྱུར་ཐུབ་པ་བཅས་བྱུང་ནས་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ།

    ཡུལ་སྐོར་ཐོན་ལས་ཀྱིས“མྱུར་ཚད་མགྱོགས་སུ་ཕྱིན་པ”དང་2024ལོར་ཁུལ་ཡོངས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་3123ལ་སྣེ་ལེན་ཞུས་པ་དང་ཡུལ་སྐོར་གྱི་སྤྱིའི་འགྲོ་གྲོན་སྒོར་དུང་ཕྱུར་353བཏང་བ་དང་དམིགས་ཚད་གཉིས་ཀྱི་འཕར་ཚད་ཚང་མ་ཞིང་ཆེན་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད།

    སྣ་མང་མཉམ་འདྲེས། ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་མཚོན་ཚུལ་དངོས་མཚོན་པ།

    བདེ་ཆེན་དུ་མི་རིགས་མཐུན་སྒྲིལ་ནི་འབོད་ཚིག་ཅིག་ཡིན་པ་མ་ཟད།རྒྱུན་གཏན་གྱི་འཚོ་བའི་མཚོན་ཚུལ་དངོས་ཤིག་ཀྱང་རེད། བདེ་ཆེན་ཁུལ་དུ་མི་རིགས་མང་པོ་འདུས་སྡོད་དང་། ཆོས་ལུགས་མང་པོ་མཉམ་གནས། རིག་གནས་མང་པོ་མཉམ་འདྲེས་བཅས་བྱས་པས་གྲངས་ཉུང་མི་རིགས་ཀྱིས་སྤྱིའི་མི་འབོར་གྱི་89.3%བཟུང་ཡོད།

    དུས་སྟོན་སླེབས་སྐབས།སེམས་ཀྱི་ཉི་ཟླའི་ལྔ་པའི་ཚེས་ལྔའི་དུས་ཆེན་དང་།འབའ་ལུང་གི་ཁོའོ་ཧྲི་དུས་ཆེན། འཇོལ་རྫོང་གི་པི་ཝང་དུས་ཆེན་སོགས་ཚང་མ་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་གི་དུས་ཆེན་དུ་གྱུར་ཡོད། ཚང་མས་དུས་ཆེན་གྱི་གཟབ་མཆོར་ལེགས་པར་སྤྲས་ཤིང་།གླུ་ལེན་གར་འཁྲབ་ནས་དུས་ཆེན་ལ་རོལ་ཞིང་།བདེ་ཆེན་མཐོ་སྒང་གི་ག་ས་གང་དུ་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་རྣམ་པས་ཁེངས་ཡོད།

    རིག་གནས་མཉམ་འདྲེས།ཐུན་མོང་ཐོག་གི་བསམ་པའི་ཁྱིམ་གཞི།

    བདེ་ཆེན་ཁུལ་གྱིས་ཁུལ་གནས་ཚུལ་དངོས་ལ་གཞི་ཚུགས་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ཁྲིད་སྟོན་དུ་བྱས་ཏེ་རིག་གནས་ཀྱི་ངོས་འཛིན་གཅིག་མཐུན་ཟབ་ཏུ་གཏོང་རྒྱུར་དམིགས་པ་དང་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་རྒྱུ་དེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་གཞི་རྟེན་ནུས་ལྡན་ཞིག་ཏུ་བརྩིས་ཡོད།

    བདེ་ཆེན་ཁུལ་གྱིས“དྲ་སྦྲེལ+མི་རིགས་མཐུན་སྒྲིལ”ཁྱབ་གདལ་བཏང་སྟེ་ཁུལ་ཡོངས་སུ་རྒྱུན་རྣམ་ཅན་གྱི་བསམ་བློའི་སློབ་གསོ་རྒྱུན་མཐུད་ངང་སྤེལ་ནས་མི་སེམས་གཅིག་སྒྲིལ་གྱི་ལས་དོན་རྒྱུན་གཏན་དུ་སྒྲུབ་པ་དང་རྒྱུན་རྣམ་དུ་འགྱུར་བ་བྱས་ཡོད།

    ཁྲིམས་སྐྱོང་འགན་ལེན། མི་རིགས་མཐུན་སྒྲིལ་གྱི་རྨང་གཞི་བརྟན་པོ།

    ཁྲིམས་སྐྱོང་ནི་མི་རིགས་མཐུན་སྒྲིལ་གྱི་འགན་སྲུང་གལ་ཆེན་ཞིག་ཡིན། 2010ལོའི་ཟླ་7པར།བདེ་ཆེན་གྱིས་རྒྱལ་ཡོངས་ཀྱི་སྔོན་ལ་《ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྲོལ་ཡིག་》བཟོས་ནས་བཏོན་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་གྱི་ས་གནས་ཁྲིམས་འཛུགས་ཀྱི་འགོ་བཙུགས་པ།

    2021ལོ་ནས་བཟུང་།བདེ་ཆེན་ཁུལ་གྱིས་སྲོལ་ཡིག་དེར་ཕྱོགས་ཡོངས་ནས་བཟོ་བཅོས་བྱས་སྟེ《བདེ་ཆེན་ཁུལ་གྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་བཙུགས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་སྐྲུན་པའི་དཔེ་སྟོན་འཆར་འགོད(2021ནས་2025ལོ་བར)》བཟོས་ཏེ་མི་རིགས་ཆོས་ལུགས་ལས་དོན་བཅོས་སྒྲིག་ཁྲིམས་སྐྱོང་གི་ལམ་བུའི་ཐོག་འཁོར་རྒྱུག་ཐུབ་པའི་འགན་ལེན་བྱས།

    ལོ་རྒྱུས་ནས་མ་འོངས་པར་སྐྱོད།

    1957ལོར་བཙུགས་པ་ནས་ད་བར།བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱིས་ལོ་68རིང་མཐུན་སྒྲིལ་འབད་འཐབ་བྱས་པའི་འོད་སྟོང་འབར་བའི་ལོ་རྒྱུས་བརྒྱུད་ཡོད། དེ་གའི་མི་རིགས་ཁག་གི་མི་དམངས་ཀྱིས“རི་མཐོ་ལམ་ཐག་རིང་བ”ནས“སྒུལ་འཁོར་གྱི་དུས་རབས”བར་གྱི་མཛེས་སྡུག་ལྡན་པའི་འགྱུར་ལྡོག་བདེན་དཔང་བྱས་པ་དང་། དབུལ་ཕོངས་རྗེས་ལུས་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བརྒྱུད་ཡོད།

    ད་ཆའི་བདེ་ཆེན་འདི་ཉིད་ཐག་རིང་རྗེས་ལུས་ཡིན་པའི་ཚབ་ཚིག་ཅིག་མིན་པར“འཛམ་གླིང་གི‘སེམས་ཀྱི་ཉི་ཟླ’”ཞེས་འབོད་ཀྱི་ཡོད། གངས་ལྗོངས་ས་མཐོའི་མི་རིགས་ཁག་གི་བུ་ཕྲུག་ཚོས་སེ་འབྲུའི་འབྲུ་གུ་བཞིན་མཉམ་དུ་དམ་པོར་འབྲེལ་ནས་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བ་ཟབ་ཅིང་ཀྲུང་གོའི་ཕུགས་འདུན་བདེ་ཆེན་གྱི་ལེའུ་མཉམ་དུ་མངོན་འགྱུར་བྱེད་པར་བརྩམས་ཡོད།