《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་བཀོད་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-09-17   རྩོམ་ཁུངས།    མི་དམངས་ཉིན་རེའི་ཚགས་པར།

    རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོ་སྐྲུན་པར་སྐུལ་འདེད་གཏིང་ཟབ་གཏོང་དགོས།

            ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་16ཉིན་དཔེ་སྐྲུན་བྱས་པའི《བདེན་འཚོལ》 དུས་དེབ་འདོན་ཐེངས་18པའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན《རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོ་སྐྲུན་པར་སྐུལ་འདེད་གཏིང་ཟབ་གཏོང་དགོས》ཞེས་པ་བཀོད་ཡོད།

            རྩོམ་ཡིག་ནང་ནན་བཤད་བྱས་དོན། རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོ་སྐྲུན་པ་ནི་ཏང་ཀྲུང་དབྱང་གི་ཐབས་ཇུས་གལ་ཆེན་ཞིག་ཡིན་ཞིང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དགོས་མཁོ་ཡིན་པ་མ་ཟད། རྒྱལ་སྤྱིའི་འགྲན་རྩོད་ཁྲོད་རང་འགུལ་དབང་ཆ་ཐོབ་པར་བྱེད་པའི་དགོས་མཁོ་ཡང་ཡིན། གོ་ལ་ཧྲིལ་པོའི་འཛད་སྤྱོད་ཁྲོམ་ར་ཆེ་གྲས་ཨང་གཉིས་པ་ཡིན་པའི་ངོས་ནས་རང་རྒྱལ་གྱིས་ངེས་པར་དུ་རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོ་ཡག་པོ་བསྐྲུན་ནས། ཉེན་ཁ་དང་འགྲན་སློང་ལ་བློ་རྩ་བརྟན་པོའི་ངང་ཁ་གཏད་གཅོག་པའི་གདིང་ཤུགས་ཆེ་རུ་གཏོང་དགོས།

            རྩོམ་ཡིག་ནང་བསྟན་དོན། རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོ་སྐྲུན་པར་སྐུལ་འདེད་གཏིང་ཟབ་གཏོང་བའི་གཞི་རྩའི་བླང་བྱ་ནི“གཅིག་གྱུར་ལྔ་དང་སྒོ་དབྱེ་གཅིག”ཡིན། “གཅིག་གྱུར་ལྔ”ནི་ཁྲོམ་རའི་རྨང་གཞིའི་ལམ་ལུགས་གཅིག་གྱུར་བཟོ་བ་དང་། ལྷག་པར་དུ་བདག་དབང་སྲུང་སྐྱོང་དང་། དྲང་གཞག་འགྲན་རྩོད། སྤུས་ཚད་ཀྱི་ཚད་གཞི་སོགས་ཀྱི་ལམ་ལུགས་གཅིག་གྱུར་བཟོ་དགོས་པ་དང་། ཁྲོམ་རའི་རྨང་གཞིའི་སྒྲིག་བཀོད་གཅིག་གྱུར་བཟོས་ཏེ། ཟོག་འགྲུལ་དང་། དངུལ་འགྲུལ། འཕྲིན་འགྲུལ་བཅས་ཤར་བགྲོད་ཐུབ་པར་བྱས་ནས། དེང་རབས་ཀྱི་ཚོང་དོན་འཁོར་རྒྱུག་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས་པ། སྲིད་གཞུང་གི་བྱ་སྤྱོད་ཚད་གཞི་གཅིག་གྱུར་བཟོས་ཏེ། ས་གནས་ཀྱིས་དཔལ་འབྱོར་འཕེལ་རྒྱས་དང་ལྷག་པར་དུ་ཚོང་འགུགས་མ་འདྲེན་ལ་སྐུལ་འདེད་གཏོང་སྐབས། ལས་དོན་གང་དག་བྱེད་རུང་བ་དང་གང་དག་བྱེད་མི་རུང་བའི་ཐད་སྒྲིག་ལམ་ཁ་གསལ་བཟོས་ནས་གང་འདོད་དེ་སྒྲུབ་བྱེད་མི་ཆོག་པ། ཁྲོམ་རའི་ལྟ་འདོམས་ཁྲིམས་སྒྱུར་གཅིག་གྱུར་བཟོས་ཏེ། ཁྲོམ་རའི་ལྟ་འདོམས་སྲིད་འཛིན་ཆད་གཅོད་ཀྱི་ཁྲིམས་ཚད་ཚད་གཞི་ཁ་གསལ་བཟོས་ནས། ཚད་གཞི་གཅིག་གཞིར་བཟུང་གནད་དོན་ཐག་གཅོད་བྱེད་དགོས་པ། རྒྱུ་རྐྱེན་གཙོ་བོའི་ཐོན་ཁུངས་ཀྱི་ཁྲོམ་ར་གཅིག་གྱུར་བཟོས་ཏེ། རང་མོས་འཁོར་རྒྱུག་དང་ནུས་ཆེའི་བཀོད་སྒྲིག་ལ་སྐུལ་འདེད་བཏང་ནས། ཐོན་ཁུངས་བཀོད་སྒྲིག་བྱེད་སྟངས་ནོར་བ་དང་བེད་མེད་འཕྲོ་བརླག་རིགས་ཉུང་དུ་གཏོང་དགོས་པ་བཅས་རེད། “སྒོ་དབྱེ་གཅིག”ནི་རྒྱུན་མཐུད་སྒོ་དབྱེ་བྱེད་ཤུགས་ཆེ་རུ་བཏང་སྟེ། ནང་ཁུལ་དང་ཕྱི་ཕྱོགས་ལ་སྒོ་དབྱེའི་འབྲེལ་མཐུད་བྱ་ཐབས་ལག་ལེན་བསྟར་ནས་བཀག་སྡོམ་འཁོར་སྐྱོད་མི་བྱེད་པ་དེ་རེད།

            རྩོམ་ཡིག་ནང་བསྟན་དོན། གཙོ་གནད་དང་དཀའ་གནད་ལ་དམིགས་ཏེ་བློ་ཐག་ཆོད་པོས་རྙོག་འགལ་ཆེ་བའི་གནད་དོན་སེལ་དགོས་ཤིང་། གཅིག་ནས་ཁེ་ལས་ཀྱིས་རིན་གོང་དམའ་ཞིང་གོ་རིམ་མེད་པའི་ངང་འགྲན་རྩོད་བྱེད་པའི་ཟང་ཟིང་གི་སྣང་ཚུལ་བཅོས་སྒྲིག་ཧུར་ཐག་བྱེད་དགོས། “ནང་རྨུག”གི་གནོད་འཚེ་ཆེ་ཁུལ་དུ་ཁྲིམས་དང་སྒྲིག་སྲོལ་ལྟར་བཅོས་སྐྱོང་ནུས་ལྡན་བྱེད་དགོས། ལས་རིགས་མཐུན་ཚོགས་ཀྱི་རང་གཅུན་ནུས་པ་དེ་བས་ཡག་པོ་བཏོན་ནས་ཁེ་ལས་ལ་ཐོན་རྫས་ཀྱི་སྤུས་ཚད་མཐོ་རུ་གཏོང་བར་ཁྲིད་སྟོན་བྱེད་དགོས། རྗེས་ལུས་ཐོན་ནུས་གོ་རིམ་ལྡན་པའི་ངང་ཕྱིར་འཐེན་བྱེད་པར་སྐུལ་འདེད་གཏོང་དགོས། གཉིས་ནས་སྲིད་གཞུང་གི་ཉོ་སྒྲུབ་དང་འོས་སྐུལ་གྱི་ཟང་ཟིང་སྣང་ཚུལ་བཅོས་སྒྲིག་ཧུར་ཐག་བྱེད་དགོས། རིན་གོང་དམའ་ཤོས་ཀྱི་འོས་ཐོབ་དང་། བཟང་ཚབ་ངན་བྱེད། ཁེ་ཕན་ངན་འབྲེལ་སོགས་ཀྱི་མངོན་གསལ་དོད་པའི་གནད་དོན་གཙོ་གནད་ཐོག་བཅོས་སྒྲིག་བྱེད་དགོས། སྲིད་གཞུང་གི་ཉོ་སྒྲུབ་དང་འོས་སྐུལ་འོས་དཔོད་ཚད་ལྡན་དུ་བཏང་ནས། འོས་ཐོབ་བྱུང་འབྲས་ལ་དྲང་གཞག་རང་བཞིན་གྱི་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་དགོས། གསུམ་ནས་ས་གནས་ཀྱི་ཚོང་འགུགས་མ་འདྲེན་གྱི་ཟང་ཟིང་སྣང་ཚུལ་བཅོས་སྒྲིག་ཧུར་ཐག་བྱེད་དགོས། རྒྱལ་ཡོངས་གཅིག་གྱུར་གྱི་ས་གནས་ཀྱི་ཚོང་འགུགས་མ་འདྲེན་བྱ་སྤྱོད་ཀྱི་གསལ་ཐོ་བཟོས་ནས། སྐུལ་མ་དང་བཀག་འགོག་བྱེད་པའི་ཞིབ་ཕྲའི་བྱ་སྤྱོད་ཁ་གསལ་བཟོ་དགོས། ཚོང་འགུགས་མ་འདྲེན་གྱི་ཆ་འཕྲིན་ཁྱབ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་དགོས། བཞི་ནས་ནང་ཁུལ་དང་ཕྱི་ཕྱོགས་ཉོ་ཚོང་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས། ཕྱིར་གཏོང་དེ་ནང་ཚོང་དུ་སྒྱུར་བའི་ཐབས་ལམ་ཤར་བགྲོད་ཐུབ་པར་བྱས་ནས། རྒྱལ་ནང་དང་རྒྱལ་སྤྱིའི་ཚད་གཞིའི་གཅིག་མཐུན་རང་བཞིན་ཆེ་རུ་བཏང་སྟེ་ནང་ཁུལ་དང་ཕྱི་ཕྱོགས་ཉོ་ཚོང་གི་སྤུས་ལེགས་ཁེ་ལས་ཁག་གཅིག་གསོ་སྐྱོང་བྱེད་དགོས། ལྔ་ནས་ཁྲིམས་སྲོལ་དང་ལམ་ལུགས་ཀྱི་ཞན་ཆ་ཧུར་ཐག་སེལ་དགོས། ཁེ་ལས་དང་འབྲེལ་བའི་ཁྲིམས་སྒྱུར་ཆེད་དོན་བྱ་སྤྱོད་རྒྱུན་མཐུད་སྤེལ་དགོས། ཁྲོམ་ར་གཅིག་གྱུར་ལ་ཕན་པའི་ནོར་ཁྲལ་སྒྲིག་སྲོལ་དང་། བསྡོམས་རྩིས་ཞིབ་རྩིས་ལམ་ལུགས། ཡིད་རྟོན་མ་ལག་བཅས་འཐུས་སྒོ་ཚང་དུ་གཏོང་དགོས། དྲུག་ནས་སྲིད་དོན་ལས་རྗེས་ཀྱི་ནོར་འཛོལ་ལྟ་བ་ཡོ་བཅོས་ཧུར་ཐག་བྱེད་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དཔྱད་ཞིབ་མ་ལག་དང་ལས་བྱེད་པའི་སྲིད་དོན་ལས་རྗེས་ཀྱི་དཔྱད་ཞིབ་གདེང་འཇོག་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས།

            རྩོམ་ཡིག་ནང་ནན་བཤད་བྱས་དོན། རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོ་སྐྲུན་པ་ནི་འགག་སྒྲོལ་དམག་འཐབ་ཅིག་ཡིན་ལ་རྒྱུན་སྲིང་དམག་འཐབ་ཅིག་ཀྱང་ཡིན་པས། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཆབ་སྲིད་དང་སྤྱི་ཡོངས་ཀྱི་མཐོ་ཚད་ནས་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་དགོས། ཀྲུང་དབྱང་དང་ས་གནས་དང་། ས་གནས་དང་ས་གནས། སྲིད་གཞུང་དང་ཁེ་ལས། ཁེ་ལས་དང་ཁེ་ལས་བཅས་ཚང་མས་མཐུན་སྦྱོར་གཞོགས་འདེགས་བྱེད་ཤུགས་ཆེ་རུ་བཏང་ནས། སྐུལ་འདེད་ཀྱི་མཉམ་ཤུགས་ཤིག་ཆགས་པར་བྱེད་དགོས།