ཞི་ཅིན་ཕིང་གིས་ཁྲའོ་ཞན་རྒྱལ་ཁབ་བཙུགས་ནས་ལོ་ངོ་77འཁོར་བར་ཁྲའོ་ཞན་གྱི་ཆེས་མཐོའི་འགོ་ཁྲིད་པ་ཅིན་ཀྲེང་ཨེན་ལ་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-09-12   རྩོམ་ཁུངས།    མི་དམངས་ཉིན་རེའི་ཚགས་པར།

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་9ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁྲའོ་ཞན་རྒྱལ་ཁབ་བཙུགས་ནས་ལོ་ངོ་77འཁོར་བར་ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་དོན་ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་ལ་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ་རེད།

    ཞི་ཅིན་ཕིང་གིས་གསུངས་དོན། ལོ་ངོ་77གྱི་རིང་། ཁྲའོ་ཞན་ངལ་རྩོལ་ཏང་གིས་ཁྲའོ་ཞན་མི་དམངས་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་པར་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་ཁྲའོ་ཞན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ཁག་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ཡོད། ཉེ་བའི་ལོ་ཤས་རིང་། བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅིས་གཙོས་པའི་ཁྲའོ་ཞན་ངལ་རྩོལ་ཏང་གི་འགོ་ཁྲིད་འོག ཁྲའོ་ཞན་མི་དམངས་ཀྱིས་ཁྲའོ་ཞན་གྱི་ཏང་གི་ཚོགས་ཆེན་བརྒྱད་པའི་ཐོག་བཏོན་པའི་དམིགས་ཚད་དང་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་བྱ་ཆེད་འབད་འཐབ་བྱས་པར་དགའ་འོས་པའི་གྲུབ་འབྲས་མང་པོ་ཐོབ་ཡོད། ཁྲའོ་ཞན་མི་དམངས་ཀྱིས་དཔའ་ངར་ཆེར་སྐྱེད་ཀྱི་སྙིང་སྟོབས་དང་ཕུལ་བྱུང་གི་གྲུབ་འབྲས་ལ་བརྟེན་ནས་ཁྲའོ་ཞན་ངལ་རྩོལ་ཏང་གི་ཚོགས་ཆེན་དགུ་པ་འཚོག་རྒྱུར་དགའ་བསུ་ཞུ་རྒྱུ་དང་ཆབས་ཅིག ཁྲའོ་ཞན་ལུགས་ཀྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་བྱ་གཞག་ལ་ལེའུ་གསར་པ་རྩོམ་རྒྱུའི་ཡིད་ཆེས་ཀྱང་ཡོད།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་དང་ཁྲའོ་ཞན་དབར་རི་ཆུ་འབྲེལ་བ་དང་ལོ་རྒྱུས་རིང་བའི་སྲོལ་རྒྱུན་མཛའ་གཅུགས་ཟབ་མོ་ལྡན་པའི་ཁྱིམ་མཚེས་རྒྱལ་ཁབ་ཅིག་ཡིན། ཀྲུང་གོ་དང་ཁྲའོ་ཞན་དབར་གྱི་འབྲེལ་བ་སྲུང་སྐྱོང་དང་། སྲ་བརྟན། འཕེལ་རྒྱས་བཅས་ཡག་པོ་གཏོང་བ་ནི་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཏང་དང་སྲིད་གཞུང་གི་བློ་བརྟན་འགྱུར་མེད་ཀྱི་འཐབ་ཇུས་མཛད་ཕྱོགས་ཤིག་ཡིན། ཉིན་ཤས་གོང་། བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅི་ཀྲུང་གོར་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོར་ཞུགས་ཤིང་། སྐུ་ཉིད་དང་སླར་ཡང་ཐུག་འཕྲད་བྱུང་ནས་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་བའི་འཆར་གཞི་མཉམ་དུ་བཀོད་པ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཁྲའོ་ཞན་ཕྱོགས་དང་འཐབ་ཇུས་འབྲེལ་གཏུག་ལ་ཤུགས་སྣོན་རྒྱག་པ་དང་། འགྲོ་འོང་མཉམ་ལས་ཟབ་ཏུ་གཏོང་བ། ཀྲུང་གོ་དང་ཁྲའོ་ཞན་གྱི་མཛའ་གྲོགས་དང་རྒྱལ་ཁབ་གཉིས་པོའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ལ་ལག་གདང་སྦྲེལ་ནས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ས་ཁུལ་དང་ཐ་ན་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་འདོད་ཡོད།