རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-09-12   རྩོམ་ཁུངས།    མི་དམངས་ཉིན་རེའི་ཚགས་པར།
ཟླ་9ཚེས་9ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཕོར་ཐིའུ་ཀལ་གྱི་ཙུང་ལི་མོང་ཐེ་ནེ་ཀེ་ལུའོ་དང་མཇལ་འཛོམས་གནང་བ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་9ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཕོར་ཐིའུ་ཀལ་གྱི་ཙུང་ལི་མོང་ཐེ་ནེ་ཀེ་ལུའོ་དང་མཇལ་འཛོམས་གནང་བ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོ་དང་ཕོར་ཐིའུ་ཀལ་གཉིས་ལོ་རྒྱུས་ཀྱི་རྨང་གཞི་ཟབ་པའི་རྒྱལ་ཁབ་ཅིག་ཡིན་པ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་སྒོ་དབྱེ་བསྟུན་མཁས་དང་ཡར་བརྩོན་རང་བརྟེན་གྱི་བསམ་པའི་ཁྱད་ཆོས་ལྡན་ཡོད། ཕྱོགས་གཉིས་པོས་མཛའ་མཐུན་གྱི་གྲོས་མོལ་བྱས་པ་བརྒྱུད་ཨའོ་མོན་གྱི་གནད་དོན་ཐག་གཅོད་ཡག་པོ་བྱས་ཡོད། ཉེ་བའི་ལོ་ཤས་རིང་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་གྲུབ་འབྲས་གལ་ཆེན་ཐོབ་ནས། སྤྱི་ཚོགས་ཀྱི་ལམ་ལུགས་མི་འདྲ་བ་དང་རྒྱལ་བབ་མི་འདྲ་བའི་རྒྱལ་ཁབ་དབར་གྱི་ཕན་ཚུན་བརྩི་འཇོག་དང་གཉིས་ཁེ་གཉིས་ཕན་གྱི་དཔེ་མཚོན་བཏོད་ཡོད། ད་ལོ་ནི་ཀྲུང་གོ་དང་ཕོར་ཐིའུ་ཀལ་དབར་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ནས་ལོ་ངོ་20འཁོར་བའི་ལོ་ཞིག་རེད།
ཀྲུང་གོ་ཕྱོགས་ཀྱིས་ཕོར་ཐིའུ་ཀལ་ཕྱོགས་དང་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ་དང་། ཕྱོགས་གཉིས་པོའི་འབྲེལ་བའི་ཡང་དག་པའི་ཁ་ཕྱོགས་ཁོང་དུ་ཆུད་པར་བྱེད་པ། ཀྲུང་གོ་དང་ཕོར་ཐིའུ་ཀལ་དབར་གྱི་འབྲེལ་བ་ཡག་ཐོག་ཡག་བརྩེགས་ཡོང་བ་བཅས་བྱས་ཏེ། མཐུན་སྒྲིལ་མཉམ་ལས་ལ་བརྟེན་ནས་རྒྱལ་ཁབ་གཉིས་པོ་དང་འཛམ་གླིང་དར་རྒྱས་ཡར་ཐོན་ཡོང་བར་ལེགས་སྐྱེས་སྔར་ལས་ཆེ་བ་འབུལ་འདོད་ཡོད། ཕྱོགས་གཉིས་པོས་སྲོལ་རྒྱུན་གྱི་མཛའ་གྲོགས་རྒྱུན་འཛིན་བྱས་ཏེ། ཕན་ཚུན་ཡིད་ཆེས་དང་ཕན་ཚུན་རྒྱབ་སྐྱོར་བྱེད་དགོས། འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་བྱེད་ཟབ་ཏུ་བཏང་སྟེ། གསར་གཏོད་དང་། ལྗང་མདོག རྒྱ་མཚོ། སྨན་རྫས་སོགས་ཁྱབ་ཁོངས་ཀྱི་དངོས་སྒྲུབ་མཉམ་ལས་རྒྱ་སྐྱེད་གཏོང་བ་དང་། ཨའོ་མོན་གྱི་འབྲེལ་ཟམ་ལྟ་བུའི་དམིགས་བསལ་ནུས་པ་འདོན་པ། ཀྲུང་གོ་དང་ཕོར་ཐིའུ་ཀལ་གྱི་སྐད་རིགས་སྤྱོད་མཁན་རྒྱལ་ཁབ་ཀྱི་དཔལ་འབྱོར་ཚོང་དོན་གྱི་མཉམ་ལས་གླེང་སྟེགས་སོགས་ཀྱི་ལམ་སྲོལ་ཡག་པོ་སྤྱོད་པ་བཅས་བྱས་ཏེ། ཆུ་ཚད་དེ་བས་མཐོ་བའི་གཉིས་ཁེ་གཉིས་ཕན་ཡོང་བ་བྱེད་དགོས། རིག་གནས་དང་། སློབ་གསོ། ཡུལ་སྐོར། ཚན་ཞིབ་བཅས་ཁྱབ་ཁོངས་ཀྱི་འགྲོ་འོང་ལ་སྐུལ་ལྕག་བཏང་སྟེ་མི་ཆོས་རིག་གནས་ཀྱི་སྤེལ་རེས་གཏིང་ཟབ་ཏུ་གཏོང་དགོས། རྒྱལ་སྤྱིའི་དུས་བབ་རྙོག་འཛིང་དང་ཟང་ཟིང་ཇི་ཙམ་ཆེ་ན་ཀྲུང་ཡོས་དེ་ཚོད་ཀྱིས་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཕན་ཚུན་ཡིད་ཆེས་ཆེ་རུ་གཏོང་བ། མཉམ་ལས་གཏིང་ཟབ་ཏུ་གཏོང་བ་བཅས་བྱེད་དགོས། ཕོར་ཐིའུ་ཀལ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཀྲུང་ཡོའི་རོགས་ཟླའི་འབྲེལ་བའི་ངེས་གནས་མཐའ་འཁྱོངས་བྱས་ཏེ་ཀྲུང་ཡོའི་འབྲེལ་བ་རྒྱུན་མཐུད་བརྟན་ལྷིང་དང་སྐྱོན་བྲལ་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ད་ལོ་ནི་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བའི་ལོ་ཞིག་ཡིན་ལ། མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་ལོ་ངོ་80འཁོར་བའི་ལོ་ཞིག་ཀྱང་རེད། འཛམ་གླིང་འདི་ཉིད་ཡོ་ལང་དང་འཕོ་འགྱུར་གྱི་དུས་སྐབས་གསར་པར་སླེབས་པ་དང་མིའི་རིགས་སླར་ཡང་ལོ་རྒྱུས་ཀྱི་བཞི་མདོ་ཁར་སླེབས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཕོར་ཐིའུ་ཀལ་ཕྱོགས་དང་ཕྱོགས་མང་མཉམ་ལས་གཏིང་ཟབ་བྱས་ཏེ། ཕྱོགས་མང་རིང་ལུགས་དངོས་འབྲེལ་ཐུན་མོང་ཐོག་ལག་ལེན་བསྟར་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབང་གྲགས་ལ་སྲུང་སྐྱོང་དང་། རང་མོས་ཚོང་དོན་གྱི་སྒྲིག་སྲོལ་སྲུང་སྐྱོང་བྱས་ནས་དེ་བས་གཞུང་དྲང་ལུགས་མཐུན་གྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་འཛུགས་པར་སྐུལ་འདེད་གཏོང་འདོད་ཡོད།
མོང་ཐེ་ནེ་ཀེ་ལུའོ་ཡིས་ཙུང་ཐུང་ཏེ་སུའོ་སཱ་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་པ་བརྒྱུད་བསྒྲགས་གནང་ཞིང་། མོང་ཐེ་ནེ་ཀེ་ལུའོ་ཡིས་བསྟན་དོན། ཕོར་ཐིའུ་ཀལ་དང་ཀྲུང་གོའི་འབྲེལ་བར་ལོ་རྒྱུས་ཡུན་རིང་ལྡན་ཞིང་འབྱུང་འགྱུར་ལ་ཕྱོགས་པ་ཞིག་ཡིན་པ་དང་། རྒྱལ་ཁབ་གཉིས་པོས་མཛའ་མཐུན་གྱི་གྲོས་མོལ་ལ་བརྟེན་ནས་ཨའོ་མོན་གྱི་གནད་དོན་ཐག་གཅོད་ཡག་པོ་བྱས་ཡོད། འདས་ཟིན་པའི་ལོ་25ཡི་ཨའོ་མོན་གྱི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་ལས་ཕོར་ཐིའུ་ཀལ་སྲིད་གཞུང་གིས་སྐབས་དེ་དུས་ཡང་དག་པའི་ཐག་གཅོད་བྱས་པ་ར་འཕྲོད་གང་ལེགས་བྱུང་ཡོད། ཕོར་ཐིའུ་ཀལ་ཕྱོགས་ཀྱིས་མུ་མཐུད་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་ལེན་བསྟར་ཏེ་ཕོར་ཐིའུ་ཀལ་ལ་དཔལ་འབྱོར་གྱི་དཀའ་ངལ་ཆེ་ཤོས་འཕྲད་པའི་སྐབས་སུ་ཀྲུང་གོ་ཕྱོགས་ཀྱིས་རྩ་ཆེའི་རྒྱབ་སྐྱོར་དང་རོགས་རམ་བྱས་པ་བརྗེད་མི་སྲིད། ཕོར་ཐིའུ་ཀལ་ཕྱོགས་ཀྱིས་ཕོར་ཐིའུ་ཀལ་དང་ཀྲུང་གོའི་མཛའ་གྲོགས་མཉམ་ལས་གཏིང་ཟབ་ཏུ་གཏོང་བར་མཐའ་གཅིག་ཏུ་གཞོལ་ཏེ་ཀྲུང་གོ་ཕྱོགས་དང་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཚོང་དོན་འབྲེལ་བ་ཟབ་ཏུ་གཏོང་བ། ཕྱོགས་གཉིས་ཀྱི་མ་འཇོག་བྱེད་ཤུགས་ཆེ་རུ་གཏོང་བ། ནུས་རྒྱུ་དང་། དངུལ་རྩ། འཕྲོད་བསྟེན། ཆུ་བེད་སོགས་ཐད་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ནས། རྒྱལ་ཁབ་གཉིས་པོའི་འབྲེལ་བ་མུ་མཐུད་འཕེལ་རྒྱས་ཡག་པོ་ཡོང་བར་སྐུལ་འདེད་གཏོང་ཐུབ་པའི་རེ་སྒུག་བྱེད་བཞིན་ཡོད། ཀྲུང་གོས་རྒྱལ་སྤྱིའི་ལས་དོན་ཁྲོད་ཧ་ཅང་གལ་འགངས་ཆེ་བའི་ནུས་པ་འདོན་བཞིན་ཡོད་པ་དང་། ཕོར་ཐིའུ་ཀལ་ཕྱོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་གོ་ལ་ཧྲིལ་པོ་བཅོས་སྐྱོང་གི་གྲོས་འགོའི་ནང་འདུས་པའི་དགོངས་གཞི་གལ་ཆེན་ལ་ཁས་ལེན་བྱེད་ཀྱི་ཡོད་ལ། ཐུན་མོང་ཐོག་ཕྱོགས་མང་རིང་ལུགས་སྲུང་སྐྱོང་བྱས་ཏེ་ཀྲུང་གོ་ཕྱོགས་ཀྱིས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་བར་ལེགས་སྐྱེས་དེ་བས་ཆེ་བ་འབུལ་བ་མཐོང་འདོད་ཀྱང་ཡོད། ཀྲུང་གོ་ནི་ཡོ་རོབ་ཀྱི་མཉམ་ལས་རོགས་ཟླ་གཞན་གྱིས་ཚབ་བྱེད་ཐབས་བྲལ་བ་ཞིག་ཡིན་པས། ཕོར་ཐིའུ་ཀལ་ཕྱོགས་ཀྱིས་ཡོ་ཀྲུང་འབྲེལ་བ་སྐྱོན་བྲལ་དང་བརྟན་ལྷིང་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་འདོད་ཡོད།