རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-09-10   རྩོམ་ཁུངས།    མི་དམངས་ཉིན་རེའི་ཚགས་པར།
ཟླ་9ཚེས་3ཉིན། ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བར་དྲན་གསོ་ཞུ་བའི་སྣེ་ལེན་ཚོགས་འདུའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“དུས་གང་ཞིག་ཡིན་རུང་ང་ཚོ་ཚང་མས་མི་དམངས་ཀྱི་འདོད་བློ་དེ་ལས་དོན་ཀུན་གྱི་འགོ་འཛུགས་སར་བརྩི་བ་དང་། གནམ་འོག་གི་ཁེ་ཕན་ཐམས་ཅད་རང་ཉིད་ཀྱི་ཁེ་ཕན་ལ་བརྩིས་ནས་མི་དམངས་ཀྱི་བདེ་རྩ་ཆེ་རུ་གཏོང་ཆེད་འབད་བརྩོན་ལྷོད་མེད་བྱེད་དགོས”ཞེས་ནན་བཤད་གནང་ཡོད།
རང་རེའི་ཏང་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་དེ་རྩ་བའི་རིན་ཐང་གི་ལྟ་ཕྱོགས་སུ་བརྩིས་ཏེ། ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱིས་བསམ་བློ་གཏོང་སར་བསམ་བློ་གཏོང་བ་དང་མི་དམངས་ཀྱི་མངགས་བཅོལ་བཞིན་ལག་ལེན་བསྟར་ནས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་དེ་རྒྱུན་ཆད་མེད་པར་དོན་དངོས་སུ་བསྒྱུར་ཡོད།
འཕེལ་རྒྱས་གཏོང་བའི་ཁྲོད་དམངས་འཚོ་འགན་སྲུང་དང་ལེགས་སུ་གཏོང་བ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལས་འགན་གལ་ཆེན་ཞིག་རེད་ལ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པའི་མཚོན་ཚུལ་གལ་ཆེན་ཞིག་ཀྱང་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ང་ཚོས་ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་པ་མཐའ་འཁྱོངས་བྱས་ཏེ་མང་ཚོགས་ཀྱི་དགོས་མཁོ་དང་དོ་ཁུར་ལ་དུས་ཐོག་ཏུ་ལན་ཡག་པོ་སློག་པ་དང་། སེམས་ནུས་ཡོད་རྒུས་དམངས་འཚོའི་དོན་དངོས་ཡག་པོ་སྒྲུབ་པ། མི་དམངས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་བཅས་བྱས་ནས་དེང་རབས་ཅན་འཛུགས་སྐྲུན་གྱི་གྲུབ་འབྲས་ལས་མི་དམངས་ཡོངས་ལ་ཕན་པ་དེ་བས་མང་བ་དང་དེ་བས་དྲང་གཞག་ཐོབ་པར་བྱེད་དགོས”པའི་མཛུབ་སྟོན་ཟབ་མོ་གནང་ཡོད།
རྟག་ཏུ་ཐུགས་བཟོད་མི་བདེ་བར་དམངས་འཚོའི“དོན་ཆུང”ལའང་དགོངས་པ་ཡང་ཡང་བཞེས་པ།
འདི་ལོའི་ཟླ་བ་དང་པོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དཔྱིད་གསར་དུས་ཆེན་སྔ་ནུབ་ཏུ་ལེའོ་ཉིང་དུ་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་གནང་བར་ཕེབས་ནས་མི་རབས་བཞི་མཉམ་སྡོད་ཀྱི་ལང་སུའུ་ལན་གྱི་ཁྱིམ་དུ་ཕེབས་ཤིང་། ཡོང་འབབ་དང་འགྲོ་སོང་སྐོར་བཀའ་འདྲི་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅིས་ཐུགས་བརྩེ་ཟབ་མོས“ཁྱེད་ཚོའི་ད་ལྟའི་འཚོ་བར་ད་དུང་དཀའ་ངལ་གང་འདུག་གམ”ཞེས་བཀའ་འདྲི་གནང་།
ཟས་གོས་འགྲོ་འདུག་དང་། སློབ་གསོ། སྨན་བཅོས། རྒན་གསོ་བཅས་ཚང་མའི་ཐད་ཐོབ་སྣང་ཡོད་པའི་ལང་སུའུ་ལན་གྱིས“སྡེ་ཁུལ་གྱིས་ང་ཚོ་རྒན་རྒོན་ལ་ལྟ་རྟོག་ཆེན་པོ་བྱེད་ཀྱི་འདུག”ཅེས་སྡེ་ཁུལ་གྱི་ལས་དོན་པར་བལྟས་ནས་བསྔགས་བརྗོད་བྱས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དགྱེས་ཚོར་ཆེན་པོ་བྱུང་ཞོར་དུ“སྡེ་ཁུལ་གྱི་ལས་དོན་ནི་ཁྱིམ་ཚང་ཁྲི་སྟོང་མང་པོའི་བྱ་བ་ཞིག་རེད། སྡེ་ཁུལ་གྱི་ལས་དོན་གྱིས་གོང་འོག་འབྲེལ་མཐུད་གྱི་ནུས་པ་ཐོན་མོད། འོན་ཀྱང་གཤམ་འོག་གི་ལས་དོན་དེ་བས་ཡག་པོ་སྒྲུབ་དགོས། ‘གོང་གི་སྐུད་སྣེ་སྟོང’ནི་མི་དམངས་ཀྱི་ཆེད་དུ་ཡིན་པས། མཐར་ཐུག་མི་དམངས་མང་ཚོགས་ཀྱི་ཆེད་དུ་དོན་འཁྱོལ་བྱེད་དགོས་པ་དང་། ལྷག་པར་དུ། ‘རྒན་གཅིག་གཞོན་གཅིག’ལ་ལྟ་སྐྱོང་ཡག་པོ་བྱེད་དགོས”ཞེས་དོན་ཟབ་གོ་བདེའི་ངང་གསུངས་པ་རེད།
2024ལོའི་ཟླ་10པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཨན་ཧུའེ་རུ་རྟོག་ཞིབ་གནང་སྐབས། ཆེད་མངགས་ཐུང་ཁྲེང་གནའ་གྲོང་ཁུལ་གྱི་ལིའུ་ཁྲེ་སྲང་ལམ་དུ་ཕེབས་ཤིང་། རིང་ཚད་ལ་སྨི་བརྒྱ་ཙམ་དང་ཞེང་ཚད་ལ་སྨི་གཉིས་ལས་མེད་པའི་སྲང་ལམ་དོག་པོ་ཞིག་ལས་ལོ་ངོ་300ལྷག་ཙམ་གོང་གི་ཕན་ཚུན་གུས་ལུགས་དང་འཆམ་མཐུན་རྩ་བའི་རྩེ་མོར་འཛིན་པའི་གཏམ་རྒྱུད་བཟང་པོ་ཞིག་མཚོན་བཞིན་ཡོད།
“གུས་ལུགས་ལ་དང་དོད་དང་ཁེངས་སྐྱུང་། འཆམ་མཐུན་རྩ་བའི་རྩེ་མོར་འཛིན་པ་ནི་ཀྲུང་ཧྭ་མི་རིགས་ཀྱི་སྤྱོད་བཟང་ཡིན་ལ། ཀྲུང་གོ་བའི་ཁྲག་རྒྱུད་ལའང་འདྲེས་ཡོད། ང་ཚོ་གང་དུ་བསྐྱོད་ཀྱང་སྙིང་སྟོབས་དེ་རིགས་རང་རྟོགས་ངང་རྒྱུན་འཛིན་བྱེད་ཀྱི་ཡོད”ཅེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནའ་གཏམ་དྲངས་ནས་དེང་སྐབས་གླེང་ཞིང་། ད་དུང“དམངས་འཚོ་ནི་དོན་དག་ཆེན་པོ་ཡིན་པས། དམངས་འཚོའི་དོན་དག་ལེགས་པར་བསྒྲུབས་ན་སྤྱི་ཚོགས་ཀྱི་འགལ་བ་ཉུང་དུ་འགྲོ་བ་དང་སྤྱི་ཚོགས་ཀྱང་འཆམ་མཐུན་ཡོང་གི་རེད”ཅེས་ནན་བཤད་གནང་བ་རེད།
ཡུལ་མི་ཚོའི་ཁྱིམ་དུ་ཕེབས་ནས་ཁོང་ཚོའི་འཚོ་བ་ཡག་པོ་ཡོད་མེད་བཀའ་འདྲི་གནང་བ་དང་། ཞིང་ནང་དང་མུ་ཁར་ཕེབས་ནས་འབྲུ་རིགས་ཐོན་འབབ་མཐོ་རུ་སོང་ཡོད་མེད་མཁྱེན་རྟོགས་གནང་བ། སྡེ་ཁུལ་གྱི་རྒན་གསོའི་ཞབས་ཞུ་ལྟེ་གནས་སུ་ཕེབས་ནས་རྒན་རྒོན་གྱི་འཚོ་བ་ཅི་འདྲ་ཡོད་མེད་ལ་ཐུགས་ཁུར་གནང་བ་སོགས། གཞི་རིམ་དུ་རྟོག་ཞིབ་ལ་ཕེབས་ཐེངས་རེ་དང་སེམས་པ་དྲོ་བའི་བཀའ་མོལ་ཚིག་རེར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དམངས་འཚོར་ཐུགས་ཁུར་ཟབ་མོ་གནང་ལུགས་འདུས་ཡོད། “ཚང་མས་སེམས་ཁུར་བྱེད་པའི་ལས་ཞུགས་འབབ་འཕར་དང་། ‘རྒན་གཅིག་གཞོན་གཅིག’ སློབ་གསོ་དང་སྨན་བཅོས་སོགས་ཀྱི་གནད་དོན་ལ་ངས་ཐོག་མཐའ་བར་གསུམ་དུ་སེམས་ཁུར་བྱེད་ཀྱི་ཡོད”
རྩེ་རིམ་ཇུས་འགོད་ཡག་པོ་བྱས་ནས་སྤྱི་ཚོགས་འགན་སྲུང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ།
དམངས་འཚོར་འགན་སྲུང་དང་ལེགས་སུ་གཏོང་བ་དང་། སྤྱི་ཚོགས་ཀྱི་དྲང་གཞག་ལ་སྲུང་སྐྱོང་བྱེད་པ། མི་དམངས་ཀྱི་བདེ་རྩ་ཆེ་རུ་གཏོང་བ་བཅས་ཀྱི་གཞི་རྩའི་ལམ་ལུགས་ཀྱི་འགན་སྲུང་ཞིག་ཡིན་པའི་ངོས་ནས་སྤྱི་ཚོགས་འགན་སྲུང་ནི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པར་དོན་སྙིང་གལ་ཆེན་ལྡན་པ་དང་། དེ་ནི་རྒྱལ་སྐྱོང་བདེ་འགོད་ཀྱི་གནད་དོན་ཆེན་པོ་ཞིག་རེད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཀུན་ཕན་རང་བཞིན་དང་། རྨང་གཞིའི་རང་བཞིན། ཐ་སྐྱོང་རང་བཞིན་བཅས་ཀྱི་དམངས་འཚོ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་མི་དམངས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས”ཞེས་ནན་བཤད་གནང་ཡོད། འདི་ནི་འཐབ་ཇུས་དང་སྤྱི་ཡོངས་ཀྱི་མཐོ་ཚད་ནས་བཏོན་པའི་རེ་སྒུག་ཟབ་མོ་དང་བླང་བྱ་ཁ་གསལ་ཞིག་ཡིན་ལ། བྱ་བཟང་དང་དོན་དངོས་མང་ཚོགས་ཀྱི་སེམས་སུ་འཐད་པར་སྒྲུབ་པའི་དམངས་ཞེན་གྱི་བརྩེ་བ་ཟབ་མོ་ཞིག་ཀྱང་རེད།
དུས་རབས་གསར་པ་ཤར་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་གཞི་རྩའི་རྒན་གསོ་འགན་བཅོལ་ལམ་ལུགས་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་གཏོང་བའི་སྤྱིའི་ཇུས་གཞི་དང་། སྨན་བཅོས་འགན་སྲུང་ལམ་ལུགས་སྒྱུར་བཅོས་ཟབ་གཏོང་གི་བསམ་འཆར་སོགས་སྒྱུར་བཅོས་ཇུས་གཞི་རབ་དང་རིམ་པར་ཞིབ་འཇུག་ཐེངས་མང་བྱས་ཏེ་རང་རྒྱལ་གྱི་སྤྱི་ཚོགས་འགན་སྲུང་མ་ལག་འཛུགས་སྐྱོང་ཐད་རྩེ་རིམ་ཇུས་འགོད་བྱས་ཡོད། 2025ལོའི་ཟླ་6པའི་ཟླ་མཇུག་བར་རང་རྒྱལ་གྱི་གཞི་རྩའི་རྒན་གསོ་དང་། ལས་ཤོར། ལས་རྨས་བཅས་ཀྱི་འགན་བཅོལ་ནང་ཞུགས་མཁན་མི་གྲངས་དུང་ཕྱུར་10.71དང་། དུང་ཕྱུར་2.45 དུང་ཕྱུར་3བཅས་སོ་སོར་ཟིན་ཡོད། ཉེ་བའི་ལོ་ཤས་རིང་། རང་རྒྱལ་གྱི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་ཚད་ལོ་འཁོར་མོར་95%བརྟན་པོར་ཟིན་པ་དང་། ན་ནིང་ལོ་མཇུག་བར་འགན་བཅོལ་ནང་ཞུགས་མཁན་མི་གྲངས་དུང་ཕྱུར་13.27ཙམ་ཟིན་ནས་འཛམ་གླིང་ཐོག་གཞི་ཁྱོན་ཆེ་ཤོས་ཀྱི་སྤྱི་ཚོགས་འགན་སྲུང་མ་ལག་བཙུགས་ཡོད་པ་རེད།
འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ལ་དམིགས་ནས་དམངས་འཚོའི་མཐའ་ཚད་བརྟན་པོར་སྲུང་བ།
“ལས་ཞུགས་སྔོན་ལ་འཇོག་པའི་སྲིད་ཇུས་ལ་ཤུགས་སྣོན་བརྒྱབ་སྟེ་ནུས་ཤུགས་ཡོད་རྒུས་ལས་གནས་བརྟན་དུ་དང་རྒྱ་སྐྱེད་གཏོང་དགོས་པའི”བླང་བྱ་བཏོན་གནང་བ་ནས། “དེ་བས་རང་རྟོགས་ངང་སྤུས་ཚད་མཐོ་པོས་ལས་ཞུགས་གང་ལེགས་ཐུབ་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྔོན་འགྲོའི་དམིགས་ཚད་དུ་བརྩིས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བརྒྱུད་རིམ་དེ་ལས་ཞུགས་ཀྱི་སྤུས་ཚད་ལེགས་སུ་དང་ཁྱབ་རྒྱ་ཆེ་རུ་གཏོང་བའི་བརྒྱུད་རིམ་ཞིག་ཏུ་འགྱུར་བར་བྱེད་དགོས་པ”ཁ་གསལ་བཏོན་གནང་བའི་བར་དང་། དེ་ནས“ལས་ཞུགས་མངོན་གསལ་དོད་པའི་གནས་བབ་ཏུ་བཞག་ནས། མཐོ་སློབ་སློབ་ཐོན་སློབ་མ་དང་། ཞིང་པ་ལས་མི། དམག་ཞབས་ཐིམ་པའི་དམག་མི་སོགས་གཙོ་གནད་ཚོགས་སྤྱིའི་ལས་ཞུགས་ལས་དོན་ཏན་ཏིག་སྒྲུབ་དགོས་པ”བཀོད་སྒྲིག་གནང་བའི་བར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་ལས་ཞུགས་ལ་ཚད་མཐོའི་མཐོང་ཆེན་གནང་ནས། མི་དམངས་མང་ཚོགས་ཀྱི་ལས་ཞུགས་གནད་དོན་ཐག་གཅོད་བྱ་རྒྱུ་དེ་སྔར་བས་མངོན་གསལ་དོད་པའི་གནས་བབ་ཏུ་བཞག་སྟེ་སྤུས་ཚད་དེ་བས་མཐོ་བའི་ལས་ཞུགས་གང་ལེགས་ཐུབ་ཐབས་གནང་ཡོད།
ལས་ཞུགས་ནི་ཆེས་གཞི་རྩའི་དམངས་འཚོ་ཡིན་ཞིང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། གྲོང་ཁྱེར་དང་གྲོང་རྡལ་དུ་ལོ་རེར་ལས་ཞུགས་ཐུབ་ཚད་མི་ཁྲི་1300མང་དུ་ཕྱིན་ཏེ་དམངས་འཚོ་ལེགས་གཏོང་དང་དཔལ་འབྱོར་འཕེལ་རྒྱས་ལ་འདེགས་སྐྱོར་གལ་ཆེན་ཐུབ་ཡོད།
ལས་ཞུགས་ཙམ་མ་ཟད། སྨན་བཅོས་དང་། བཅོལ་གསོ། རྒན་གསོ་སོགས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ལ་དམིགས་ནས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རྩེ་རིམ་ཇུས་འགོད་དང་སྤྱི་འདོམས་འཆར་འགོད་ལ་ཤུགས་སྣོན་བརྒྱབ་སྟེ། དམངས་འཚོ་སྒྱུར་བཅོས་ཀྱི་བྱ་ཐབས་རབ་དང་རིམ་པ་བཏོན་པ་དང་། དམངས་འཚོའི་མཐའ་ཚད་བརྟན་པོར་བསྲུངས་ཏེ་མི་དམངས་མང་ཚོགས་ལ་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་དེ་བས་ལྡན་པར་བྱས་ཡོད།
འབྱོར་འབྲིང་གི་ཕུགས་འདུན་དང་། རྒྱལ་ཁབ་སྟོབས་ཆེན་གྱི་ཕུགས་འདུན། ཀྲུང་གོའི་ཕུགས་འདུན་བཅས་མཐར་གཏུགས་ནས་བཤད་ན་མི་སེར་གྱི“བདེ་སྐྱིད་ཀྱི་ཕུགས་འདུན”ཡིན།
རྒྱང་ལམ་གསར་པར་ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་རྒྱུན་ཆད་མེད་པར་བསྐངས་ཚེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆེན་པོ་ཞིག་གྲུབ་ངེས་རེད།