རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-09-09   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
སྟོན་ཁའི་དུས་སུ་ཡུན་ནན་ནུབ་བྱང་གི་ས་མཐོར་གནས་པའི་འཇོལ་རྫོང་ཀོང་རྩེད་ར་གྲོང་རྡལ་ཡུལ་ཡུམ་གྲོང་ཚོའི་གྲོང་མི་ཚོགས་ཆུང་གིས་ལོ་གཅིག་ནང་འཁྲུག་ཆ་དོད་ཤོས་ཀྱི་དུས་ཤིག་བསུས་པ་རེད།རི་ངོས་སུ་ལངས་ནས་ཐུར་དུ་བལྟས་ན།རྒུན་འབྲུམ་ར་བ་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་།ར་བའི་ནང་དུ་ཡུལ་སྐོར་བ་སྐོར་སྐོར་ཞིག་གིས་སྨྱུག་མའི་སླེ་བོ་བཟུང་ནས་རྒུན་འབྲུམ་གཏོགས་བཞིན་ཡོད། མི་རིང་བའི་སར་སྡོད་ཁང་རྙིང་པ་སྒྱུར་བཀོད་བྱས་པ་ལས་གྲུབ་པའི་འགྲུལ་ཁང་ནང་དུ་བ་ལང་ལོང་དུ་འཕྱུར་བ་དང་རྒུན་འབྲུམ་གྱི་དྲི་ཞིམ་མཉམ་དུ་འདྲེས་ནས་ཐོན་ལས་དར་རྒྱས་དང་སྣོད་བཅུད་སྡོད་མལ་ལ་འཚམ་པའི་གྲོང་གསེབ་དར་རྒྱས་ཀྱི་ལེའུ་གསར་པ་ཞིག་བཏོད་ཡོད།
“ཉི་འོད་རྒྱ་སེའི་རྒུན་འབྲུམ་”ལ་བརྟེན་ནས་ཕྱུག་འགྱུར་གྱི་ལམ་བུ་གསལ་བར་བྱས་པ།
གྲོང་མི་ལིའུ་ཅིན་གྱིས་རང་ཁྱིམ་གྱི་རྒུན་འབྲུམ་ར་བའི་མདུན་དུ་ལངས་ཤིང་།གདོང་ལ་འཛུམ་གྱིས་ཁེངས་བཞིན་ན་ནིང་ངེད་ཚང་གིས་རྒུན་འབྲུམ་མུའུ་1.7བཏབ་པ་དང་།སྒོར་ཁྲི་7ལྷག་ཙམ་བཙོངས་པའི་ཁར་མ་རྨོས་ལོ་ཏོག་དང་། ཞི་ཀྭ དམངས་སྲོལ་གནས་ཚང་གི་ཁང་གླ་སོགས་བསྣན་ཚེ་ལོ་ཧྲིལ་པོའི་སྤྱིའི་ཡོང་འབབ་སྒོར་ཁྲི་10ལྷག་ཙམ་ཟིན་ཡོད་ཅེས་བཤད།
ལྕོག་སྐྱ་གྲོང་མི་ཚོ་ཆུང་ལ་ཁྱོན་དུད་ཚང་15ཡོད་ཅིང་།དེ་སྔོན་སྲོལ་རྒྱུན་གྱི་ལོ་ཏོག་འདེབས་འཛུགས་གཙོ་བོར་བྱས་པས་ཡོང་འབབ་ཧ་ཅང་ཉུང་ཉུང་རེད།2020ལོ་ནས་བཟུང་།ས་གནས་དེ་གའི་སྲིད་གཞུང་གི་ཁྲིད་སྟོན་འོག་གྲོང་མིས་སྤུས་ཚད་མཐོ་བའི་ཉི་འོད་རྒྱ་སེའི་རྒུན་འབྲུམ་ནང་འདྲེན་ཚོད་ལྟ་བྱེད་འགོ་ཚུགས་པ་དང“ཏང་རྩ་འཛུགས་དང་།མཉམ་ལས་ཁང་།ཞིང་དུད”བཅས་ཟུང་དུ་འབྲེལ་བའི་བྱེད་ཐབས་སྤྱད་དེ་ལག་རྩལ་གསོ་སྦྱོང་དང་ཕྱིར་ཚོང་ཐབས་ལམ་གཅིག་གྱུར་ཐོག་སྤྱད་པ་རེད། ད་ཆ་གྲོང་མི་དུད་ཚང་རེས་རྒུན་འབྲུམ་མུའུ་1ནས་2བར་བཏབ་ནས་མུའུ་རེའི་ཐོན་འབབ་རྒྱ་མ་3000ཙམ་ཟིན་གྱི་ཡོད།རྒུན་འབྲུམ་ར་བའི་སོན་ཆ་ཚང་འདེབས་སྟངས་དེས་ས་ཞིང་སྤྱོད་ཚད་ལྡབ་གཅིག་འཕར་བ་སྟེ།ཀ་པེད་དང་སུར་པན་སོགས་ལོ་ཏོག་མུའུ་རེར་འབབ་འཕར་སྒོར་5000ལྷག་ཙམ་བྱུང་བ་དང་།བཏབ་པའི་ཞི་ཀྭ་དང་མ་རྨོས་ལོ་ཏོག་ལ་ད་དུང་ཡོང་འབབ་ཡོད་པ་རེད།
ལིའུ་ཅིན་གྱིས་ར་བའི་ནང་གི་ཤིང་ཆའི་སྒོ་བྱང་སྟོན་བཞིན་ཟླ་7པའི་ཟླ་མཇུག་ནས་ཟླ་10པའི་ཟླ་མཇུག་བར་ཡུལ་སྐོར་བ་མང་ཤོས་ཀྱི་དུས་ཡིན་པས།ཉིན་ལྟར་ཡུལ་སྐོར་བ་ཉི་ཤུ་སུམ་ཅུ་ཙམ་ལ་སྣེ་ལེན་བྱེད་ཀྱི་ཡོད།གྲོང་རྡལ་སྲིད་གཞུང་གིས་རླངས་འཁོར་འཇོག་ས་དང་ཕྱིར་ཚོང་ཁྲོམ་བཀྱག་གཅིག་གྱུར་འཆར་འགོད་བྱས་ཡོད།ཡུལ་སྐོར་བས་རླངས་འཁོར་བཏང་ནས་འབྲི་ཆུ་བརྒྱུད་དེ་ཡར་བསྐྱོད་ཚེ་རྒུན་འབྲུམ་དང་།ཞི་ཀྭ ཁ་སུར་ཆེན་པོ།བདག་ཏུ་མ་བཟུང་བའི་ཤ་མོ་སོགས་ཁྱད་ལྡན་ཐོན་ཟོག་ཉོ་ཐུབ་པ་མ་ཟད།གཟའ་མཇུག་ཏུ་ཉིན་རེར་ཆ་སྙོམས་འགྲུལ་པ་བརྒྱ་ལྷག་ཙམ་ཟིན་གྱི་ཡོད་པ་རེད་ཅེས་བཤད་བྱུང་།
སྡོད་ཁང་རྙིང་པ་གསར་དུ་བསྐྲུན་པ།
རྡོ་གཅལ་ལམ་དེད་ནས་ཧ་ཚང་གྲོང་མིའི་ཚོ་ཆུང་དུ་སོང་བ་ན།གྱང་དང་ཤིང་རྐོས་སྒེའུ་ཁུང་།ཞིབ་མོའི་བློ་ཡིས་ཇུས་འགོད་བྱས་པའི་དེང་རབས་ཀྱི་སྒྲོན་རྒྱན་གཉིས་ཕན་ཚུན་རྣམ་པར་རྒྱས་ཡོད། ཁྲུང་ཆིང་གི་ཚོང་པ་ལི་གོ་ཡིས་2021ལོར་བེད་མེད་དུ་ལུས་པའི་ཁང་པ་རྙིང་པ་ཞིག་གླས་ནས་མགྲོན་ཁང་དང་ཆང་ཁང་་ཟུང་འབྲེལ་གྱི་གཞིས་ཀ་སྐྲུན་པ་དང་ཆབས་ཅིག་ཉེ་འཁོར་གྱི་ས་ཞིང་མུའུ་30ཙམ་ནང་ཨ་རག་སྙོལ་བའི་རྒུན་འབྲུམ་བཏབ་པ་རེད།“དམངས་སྲོལ་གནས་ཚང་དུ་ཁང་པ་6ཡོད་པ་དེར་ཡུལ་སྐོར་བ་མང་བའི་དུས་སུ་སྔ་སྣུར་དུ་སྔོན་མངགས་བྱེད་དགོས་པ་དང་།རང་གིས་བསྙལ་བའི་རྒུན་ཆང་གི་དགོས་མཁོ་སྐོང་མི་ཐུབ་པས་ན་ནིང་ཚོང་གཉེར་ཡོང་འབབ་སྒོར་ཁྲི་80ལྷག་ཙམ་ཟིན་ཡོད”ཅེས་བཤད་བྱུང་།
ཉི་འོད་རྒྱ་སེ་རྒུན་འབྲུམ་གྱི་སྙན་གྲགས་ཇེ་ཆེར་སོང་བ་དང་།གྲོང་ཚོ་རྙིང་བ་བེད་མེད་དུ་བསྐྱུར་བའི་སྐྱེ་ཁམས་རིན་ཐང་བསྐྱར་དུ་གསར་རྙེད་བྱུང་བ་སྟེ།གྲོང་མི་11གིས་བེད་མེད་དུ་བསྐྱུར་བའི་སྡོད་ཁང་རྙིང་བ་ཕྱི་ནས་ཡོང་བའི་མ་དངུལ་གཏོང་མཁན་ལ་གླ་རྒྱུ་ཡིན་པ་དང་།ལོ་རེར་གླ་རིན་སྒོར་ཁྲི་2ནས་5བར་ལེན་རྒྱུ་ཡིན་པ་དང་།ཡུག་གཅིག་ཏུ་འབྲེལ་བའི་ས་ཞིང་མུའུ་300ལྷག་རྒུན་འབྲུམ་འདེབས་ཁྱོན་ཆེ་རུ་གཏོང་བར་སྤྱད་པས།དུད་ཚང་རེར་ལོ་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་1.2འཕར་ཡོད།མ་ལེ་ཞི་ཡའི་ཡུལ་སྐོར་བ་མཁྱེན་ལྡན་མ་ཁྲེན་ལགས་ཀྱིས་རྒུན་ཆང་གི་བྲོ་བ་མྱངས་རྗེས“སྒེའུ་ཁུང་ཕྱེ་ན་གངས་རི་དང་།རྒུན་འབྲུམ་ར་བ།བོད་བཟོའི་མཁར་རྫོང་བཅས་ཡོད་ལ།གདོད་མའི་སྣོད་བཅུད་དང་དེང་རབས་ཀྱི་མྱོང་ཚོར་མཉམ་འདྲེས་ཀྱི་མྱོང་ཚོར་དེ་ཧ་ཅང་ཐུན་མོང་མ་ཡིན་པ་ཞིག་རེད”ཅེས་བཤད་བྱུང་།
སྤྲིན་རུམ་བྲིན་ཚོང་ལ་གནམ་ས་གསར་པ་བཏོད་པ།
ཕྱི་དྲོའི་ཆུ་ཚོད་3པ་ཙམ་ལ་གྲོང་མི་ལྷ་མོས་རྒུན་འབྲུམ་སྒྲོམ་འོག་ཏུ་ལག་ཐོགས་ཁ་པར་གྱི་འདེགས་སྒྲོམ་བཙུགས་ནས་བྱང་ཆུབ་པའི་ངང“ནང་མི་རྣམས་ཀྱིས་ལྟོས་དང་།འདི་ནི་ང་ཚོས་བཏབ་པའི་ཉི་འོད་རྒྱ་སེ་རྒུན་འབྲུམ་ཡིན་པ་དང་མངར་ཚད་ཏུའུ་22ཡན་ཟིན་གྱི་འདུག”ཅེས་ཐད་གཏོང་ཁང་ནང་མངགས་ཐོའི་གསལ་འདེབས་སྒྲ་ཡང་ཡང་གྲགས་བཞིན་འདུག འཇོལ་རྫོང་ཀོང་རྩེད་ར་གྲོང་རྡལ་ཡུལ་ཡུམ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་སྐལ་བཟང་སྒྲོལ་མས་གྲོང་ཚོར་དྲ་ཐོག་ཚོང་དོན་ཚོགས་པ་བཙུགས་ནས་གྲང་ཕྲེང་ཟོག་འགྲེམས་བརྒྱུད་རྒུན་འབྲུམ་60%པེ་ཅིང་དང་ཧྲང་ཧའེ་སོགས་སུ་ཐད་ཀར་མཁོ་འདོན་བྱས་ཡོད། སྤུས་ཚད་ཚོད་འཛིན་ནི་ཁྲོམ་ར་བརྒལ་བའི་འགག་རྩ་ཡིན། མཉམ་ལས་ཁང་གིས་རིམ་པ་དབྱེ་བའི་ཚད་གཞི་ནན་པོ་བཟོས་ནས་རྒུན་འབྲུམ་སྟར་པ་རེ་རེ་ཁྲོམ་རའི་བླང་བྱ་དང་མཐུན་ཚེ་གཞི་ནས་ཚད་གཞི་སྦྱར་ཆོག ཞིང་ལས་རིགས་གཅིག་མཁས་ཅན་གྱིས་དུས་བཅད་ལྟར་མཛུབ་ཁྲིད་བྱས་ཏེ་དངོས་ལུགས་འབུ་འགོག་དང་སྐྱེ་ལྡན་ལུད་རྒྱག་པ་སོགས་ཀྱི་ལག་རྩལ་ཁྱབ་གདལ་གཏོང་དགོས་ཞེས་བཤད།
ཏང་འཛུགས་སྐྱོང་གིས་བདེ་སྐྱིད་ལྡན་པའི་དྲ་བ་བཏོད་པ།
གྲོང་གསེབ་དར་རྒྱས་གཏོང་བར་ཐོན་ལས་དར་རྒྱས་ཡོང་བ་བྱེད་དགོས་ལ་དེ་བས་བཅོས་སྐྱོང་ནུས་ལྡན་ཡང་བྱེད་དགོས། ཀོང་རྩེད་ར་གྲོང་རྡལ་ཡུལ་ཡུམ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་སྐལ་བཟང་སྒྲོལ་མས“ཏང་རྩ་འཛུགས་དང་།མཉམ་ལས་ཁང་།ཞིང་དུད”བཅས་ཟུང་དུ་འབྲེལ་བའི་ལམ་སྲོལ་ལ་བརྟེན་ནས་གྲོང་ཚོར་ཐོན་ལས་ཁེ་ཕན་གྱིས་སྤྱི་པའི་འཛུགས་སྐྲུན་ལ་དྲིན་ལན་འཇལ་བའི་འཁོར་རྒྱུག་བཟང་པོ་ཞིག་ཆགས་པ་བྱས་ཡོད། ན་ནིང་རྒུན་འབྲུམ་ཐོན་ལས་ཀྱི་ཁེ་སྤོགས་10%མཛེས་ལྗོངས་ཁུལ་དང་ཞིང་ཆུ་འདྲེན་པའི་སྒྲིག་བཀོད་འཛུགས་སྐྲུན་ཐད་སྤྱད་ཡོད། ད་ལོ་ཕ་མ་དང་བུ་ཕྲུག་གི་ཞིང་ལས་ཉམས་ལེན་ཁུལ་མང་དུ་གཏོང་རྩིས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
ས་སྲོད་ཀྱི་དུས་སུ།ལིའུ་ཅིན་གྱིས་གསར་དུ་ཉོས་པའི་རླངས་འཁོར་བསྐོར་ནས་ལམ་གསར་བའི་སྟེང་བསྐྱོད་པ་དང་། རྒྱབ་ཕྱོགས་ཀྱི་མེ་ལོང་ནང་དུ་མུ་འབྲེལ་གྱི་རྒུན་འབྲུམ་ར་བའི་ནང་དུ་གསེར་མདོག་གི་ཕྱི་གོས་གྱོན་ཡོད།དམངས་ཁྱིམ་གྱི་གློག་འོད་རིམ་བཞིན་ཇེ་གསལ་དུ་གྱུར།སྔོན་ཆད་གངས་རིའི་ལྟེབ་གཉེར་ནང་སྦས་མྱོང་བའི་གྲོང་ཚོ་ཆུང་ཆུང་འདིས་ཉི་འོད་རྒྱ་སེ་རྒུན་འབྲུམ་སྟར་པ་བཞིན་བདེ་སྐྱིད་ཀྱི་སྒོ་མོ་ཕྱེ་ནས་དུས་རབས་གསར་པའི་ས་མཐོའི་གྲོང་གསེབ་དར་རྒྱས་གཏོང་བའི་གསོན་ཉམས་དོད་པའི་རྒྱུགས་ཤོག་འབྲི་བཞིན་ཡོད།