མིའི་རིགས་ཀྱི་ཞི་བདེ་དང་འཕེལ་རྒྱས་ཀྱི་བླ་ན་མེད་པའི་བྱ་གཞག་ལ་རྒྱལ་ཁ་ཐོབ་ངེས་རེད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-09-10   རྩོམ་ཁུངས།    མི་དམངས་ཉིན་རེའི་ཚགས་པར།

    ——སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བར་

དྲན་གསོ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་གླེང་བ།

     

    “མིའི་རིགས་ཀྱི་ཞི་བདེ་དང་འཕེལ་རྒྱས་ཀྱི་བླ་ན་མེད་པའི་བྱ་གཞག་ལ་རྒྱལ་ཁ་ཐོབ་ངེས་རེད”ཅེས་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་བཟང་ཚིག་ནན་ལས། མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་གསལ་སྟོན་གཏིང་ཟབ་གནང་བ་དང་། འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་ཞི་བདེར་ཡིད་སྨོན་དང་། ཞི་བདེར་དགའ་ཞེན། ཞི་བདེ་སྲུང་སྐྱོང་བཅས་བྱེད་པའི་ཐུན་མོང་གི་སེམས་པ་མཚོན་གྱི་ཡོད།

    དུས་བཟང་འདིར་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱུང་ཡོད། པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ། ཞི་བདེའི་ཕུག་རོན་ཁྲི་བརྒྱད་ཀྱིས་ཞི་བདེ་དང་འཕེལ་རྒྱས་ཀྱི་རེ་འདུན་འཆང་བཞིན་མི་དམངས་དཔའ་བོའི་དྲན་གསོའི་རྡོ་རིང་མདུན་ནས་དགུང་སྔོན་དབྱིངས་སུ་འཕུར།

    རྣམ་པ་དེ་མི་རྣམས་སེམས་འགུལ་ཐེབས་པ་ཞིག་ཡོད། སྟོབས་ལྡན་དམག་དཔུང་གིས་རྡོག་སྒྲ་འགྲིག་པོས་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་མདུན་ནས་སྐྱོད་པ་མཐོང་དུས། ཕྱི་རྒྱལ་གྱི་གསར་འགོད་པ་ཞིག་གིས་སེམས་འགུལ་དབང་མེད་ཐེབས་བཞིན་དུ“ང་རང་དམག་འཁྲུག་གི་ཟིང་ཆ་ཆེ་བའི་རྒྱལ་ཁབ་ཅིག་ཏུ་སྐྱེས་པས། ཀྲུང་གོ་བ་དང་འདྲ་བའི་འཚོ་བ་སྐྱེལ་རྒྱུ་ཡོང་བའི་རེ་བ་ཆེན་པོ་བྱེད་ཀྱི་ཡོད”ཅེས་བརྗོད།

    ཞི་བདེ་དང་འཕེལ་རྒྱས་ནི་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་ཐུན་མོང་གི་རེ་འདོད་ཡིན་པ་དང་། ཞི་བདེ་དང་། འཕེལ་རྒྱས། མཉམ་ལས། གཉིས་ཕན་བཅས་ཀྱི་དུས་རབས་ཀྱི་རླབས་རྒྱུན་འགོག་ཐབས་མེད་པ་ལོ་རྒྱུས་དང་དོན་དངོས་ལས་གསལ་བཤད་གཏིང་ཟབ་བྱས་ཡོད།

    “རྒྱལ་ཁབ་ཀྱི་འཚོ་གནས་དང་། མི་རིགས་བསྐྱར་དར། མིའི་རིགས་ཀྱི་དྲང་བདེན་བཅས་ཀྱི་ཆེད་འཐབ་འཛིང་བྱས་ཡོད” ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་ལ་དང་ཐོག་མ་ཉིད་ནས་མིའི་རིགས་ཀྱི་ཤེས་དཔལ་མྱུར་སྐྱོབ་དང་འཛམ་གླིང་ཞི་བདེ་སྲུང་སྐྱོང་བྱེད་པའི་དོན་སྙིང་གལ་ཆེན་ལྡན་ཡོད།

    “རིན་བྲལ་ཚེ་སྲོག་ཀྲུང་གོ་གསར་པར་ཕུལ། ཟུངས་ཁྲག་དྲོན་མོས་ཀྲུང་ཧྭའི་ས་གཞི་བརླན”ཞེས་པའི་རང་ཉིད་ཀྱི་ཚེ་སྲོག་བློས་གཏོང་ཕོད་པ་དང་། “ས་ཆ་སྦར་མཐིལ་ཙམ་རུང་ཁྲག་དྲོན་སིམ”ཞེས་པའི་དགྲ་ལ་མཉམ་སྡང་གི་སྙིང་སྟོབས་སོགས། ཀྲུང་གོའི་མི་དམངས་ཀྱིས་བགྲང་བྱ་14ཡི་རིང་ཁྲག་བཏོན་དམར་འཛིང་བྱས་པ་བརྒྱུད། རི་པིན་དམག་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་པ་རྦད་དེ་ཕམ་ཉེས་སུ་བཏང་སྟེ། འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་རྦད་དེ་ཐོབ་པ་ཁྱབ་བསྒྲགས་བྱས་ཡོད། དེ་ནི་ཉེ་རབས་ཚུན་དུ་ཀྲུང་ཧྭ་མི་རིགས་ཉམས་ཉེན་ཚབས་ཆེན་གྱི་གནས་སུ་གྱར་བ་ནས་བསྐྱར་དར་རླབས་པོ་ཆེའི་ཕྱོགས་སུ་སྐྱོད་པའི་ལོ་རྒྱུས་ཀྱི་ཁ་ཕྱོགས་འགྱུར་མཚམས་ཤིག་རེད་ལ། འཛམ་གླིང་འཕེལ་རྒྱས་ཀྱི་ཁ་ཕྱོགས་འགྱུར་མཚམས་གལ་ཆེན་ཞིག་ཀྱང་རེད།

    གཟིགས་སྦྲེང་རུ་སྟར་གྲུ་བཞིའི་ཁྲོད་གྱོན་གོས་སྔོན་པོ་གྱོན་པའི་རུ་སྟར་གྲུ་བཞི་ཧ་ཅང་མངོན་གསལ་དོད། ཞི་བདེའི་ཆེད་དུ་ཡོང་བ་དང་ཞི་བདེའི་ཆེད་དུ་བརྟན་སྲུང་བྱེད། ད་ལོ་ནི་ཀྲུང་གོའི་དམག་དཔུང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོང་བྱ་སྤྱོད་ནང་ཞུགས་ནས་ལོ་ངོ་35འཁོར་བའི་ལོ་ཞིག་རེད། རིམ་རྩིས་བརྒྱབ་ན་ཞི་བདེ་སྲུང་སྐྱོང་བ་མི་ཐེངས་ཁྲི་5ལྷག་ཙམ་མངགས་པ་དང་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་གི་དཔོན་དམག་17གྱིས་ལས་འགན་སྒྲུབ་རིང་རྩ་ཆེའི་ཚེ་སྲོག་བློས་བཏང་བ་སོགས་ལས། དམག་འཁྲུག་ནང་ཞུན་བརྡར་ཐུབ་ནས་ངར་ལྕགས་ལྟ་བུར་གྱུར་པ་དང་རེ་ཐག་ཆད་པའི་ཁྲོད་ནས་སྲོག་ཉེན་ལས་ཐར་བས་ཀྲུང་གོའི་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བ་ནི་ལས་སླ་པོར་བྱུང་བ་ཞིག་མིན་པ་དེ་བས་གསལ་པོར་ཤེས་པ་དང་། དངོས་སྒྲུབ་ཀྱི་བྱ་སྤྱོད་ལ་བརྟེན་ནས་འཛམ་གླིང་ཞི་བདེ་དང་དུས་བདེ་སྲུང་སྐྱོང་ཆེད་དེ་བས་གཞོལ་བཞིན་ཡོད།

    ད་ཆ། ཀྲུང་གོའི་འཕེལ་རྒྱས་ཀྱིས་འཛམ་གླིང་ལ་གོ་སྐབས་གསར་པ་དང་བར་མཐོངས་གསར་པ་རྒྱུན་ཆད་མེད་པར་གཏོད་བཞིན་ཡོད། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱིས་གོ་ལ་ཧྲིལ་པོའི་རྒྱལ་ཁབ་3/4ལྷག་ཙམ་གོང་བུར་འགྲིལ་བ་དང་། གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་ཁག་བཞི་ཡིས་འགྱུར་ལྡོག་དང་ཟང་ཟིང་ཆེ་བའི་འཛམ་གླིང་ལ་བརྟན་པོའི་རང་བཞིན་དང་ངེས་གཏན་རང་བཞིན་ཆེ་རུ་བཏང་ཡོད། ཞི་བདེ་དང་། འཕེལ་རྒྱས། དྲང་གཞག དྲང་བདེན། དམངས་གཙོ། རང་དབང་བཅས་མིའི་རིགས་ཡོངས་ཀྱི་ཐུན་མོང་རིན་ཐང་གིས་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་སྤྱི་ཡོངས་ཀྱི་དོན་གཉེར་དང་འདུན་པ་མཚོན་ཡོད། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་འདུ་ཤེས་ལོ་བརྒྱད་བསྟུད་མར་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་གྲོས་ཆོད་ནང་བཏོན་ཡོད། “ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ”ཡི་ལོ་རྒྱུས་ཀྱི་རྒྱུགས་ལན་ནས“མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི”དུས་རབས་ཀྱི་རྒྱུགས་ལན་བར། ཀྲུང་གོ་ནི་ཐོག་མཐའ་བར་གསུམ་དུ་འཛམ་གླིང་ཞི་བདེ་དང་རྒྱལ་སྤྱིའི་དྲང་གཞག་དང་དྲང་བདེན་སྲུང་སྐྱོང་བྱེད་མཁན་རྐང་འཛིན་སྟོབས་ཤུགས་རེད།

    མིག་སྔར། འཛམ་གླིང་ལ་ལོ་བརྒྱའི་འགྱུར་ལྡོག་མགྱོགས་མྱུར་འགྲོ་བཞིན་ཡོད་པ་དང་། མིའི་རིགས་སླར་ཡང་ལམ་བཞི་མདོར་སླེབས་ནས་ཞི་བདེའམ་དམག་འཁྲུག་དང་། སྐད་ཆ་ཤོད་རེས་སམ་འགྲན་རྒོལ། གཉིས་ཕན་ནམ་རྒྱལ་ཕམ་བཅས་ཀྱི་གདམ་ག་འཕྲད་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“དུས་གང་རུང་གསུམ”གྱི་ཁྱབ་བསྒྲགས་ནན་པོ་གནང་བ་དེ་ཐོག་ནས་གནམ་འོག་གི་བརྩེ་བ་དང་རྒྱལ་ཁབ་ཆེན་པོའི་འགན་སེམས་མངོན་ཡོད།

    དུས་གང་ཞིག་ཡིན་རུང་། ང་ཚོས་མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་དར་སྤེལ་གཏོང་བ་དང་། བློ་བརྟན་འགྱུར་མེད་ངང་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་སྐྱོབ་བྱས་ཏེ། འཛམ་གླིང་ཡུལ་གྲུ་ཀུན་ཏུ་སྤྱོད་བཟང་གཞུང་དྲང་ཁྱབ་པར་བྱེད་པ་དང་། དུས་གང་ཞིག་ཡིན་རུང་། ཚང་མས་ཞི་བདེ་འཕེལ་རྒྱས་ཀྱི་འགྲོ་ལམ་དུ་བསྐྱོད་རྒྱུ་མཐའ་འཁྱོངས་དང་། འཛམ་གླིང་གི་ཞི་བདེ་དང་བདེ་འཇགས་སྲུང་སྐྱོབ་བརྟན་པོ་བྱས་ཏེ། ལག་གདང་སྦྲེལ་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པ། དུས་གང་ཞིག་ཡིན་རུང་། ཚང་མས་མི་དམངས་ཀྱི་འདོད་བློ་དོན་ཀུན་གྱི་འགོ་འཛུགས་སར་བརྩི་བ་དང་། གནམ་འོག་གི་ཁེ་ཕན་ཐམས་ཅད་རང་ཉིད་ཀྱི་ཁེ་ཕན་ལ་བརྩིས་ནས་མི་དམངས་ཀྱི་བདེ་རྩ་ཆེ་རུ་གཏོང་ཆེད་འབད་བརྩོན་ལྷོད་མེད་བྱེད་པ་བཅས་བྱེད་དགོས།

    ལོ་རྒྱུས་མེ་ལོང་དུ་འཛིན་པ་དང་འཆམ་མཐུན་རྩ་བར་འཛིན་དགོས། ཀྲུང་གོ་ནི་ནམ་ཡང་འཛམ་གླིང་གི་ཞི་བདེའི་སྟོབས་ཤུགས་དང་། བརྟན་ལྷིང་གི་སྟོབས་ཤུགས། ཡར་ཐོན་གྱི་སྟོབས་ཤུགས་བཅས་ཡིན་པས། བློ་བརྟན་འགྱུར་མེད་ངང་འཛམ་གླིང་ཞི་བདེ་འཛུགས་སྐྱོང་བ་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་མཁན། རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོབ་བྱེད་མཁན་བཅས་བྱེད་དགོས།

    ང་ཚོ་གནས་ས་ནི་འགྲན་སློང་གིས་ཁེངས་པའི་དུས་རབས་ཤིག་རེད་ལ། རེ་བས་ཕྱུག་པའི་དུས་རབས་ཤིག་ཀྱང་རེད། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པ་ནི་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་མདུན་ལམ་ཉག་གཅིག་དེ་རེད། གནམ་འོག་གི་ལམ་ཆེན་ཐོག་བསྐྱོད་དེ་འཆམ་མཐུན་མཉམ་གནས་དང་མཉམ་ལས་གཉིས་ཁེ་བྱས་ཚེ་གཞི་ནས་དར་རྒྱས་ཡུན་རིང་དང་བདེ་འཇགས་འགན་ལེན་ཡོང་ཐུབ།

    ང་ཚོས་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ཀྱི་མཛེས་སྡུག་ལྡན་པའི་མདུན་ལྗོངས་བཟང་པོ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་འོད་སྟོང་འཕྲོ་བའི་འབྱུང་འགྱུར་ཕྱོགས་སུ་མདུན་སྐྱོད་བྱེད་དགོས།