རི་འགོག་དམག་འཁྲུག་གི་སྙིང་སྟོབས་རླབས་པོ་ཆེ་རྒྱུན་འཛིན་དང་དར་སྤེལ་གཏོང་དགོས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-09-10   རྩོམ་ཁུངས།    མི་དམངས་ཉིན་རེའི་ཚགས་པར།

    ——སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བར་

དྲན་གསོ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་གླེང་བ།

    ཟླ་9ཚེས་3ཉིན་གྱི་སྔ་དྲོར་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་སྤྲོ་སེམས་རབ་ཏུ་འཕེལ་ཞིང་དཔའ་ངར་ཆེར་སྐྱེད་ཀྱི་རྣམ་པས་ཁེངས།

    “རི་འགོག་དམག་འཁྲུག་གི་སྙིང་སྟོབས་རླབས་པོ་ཆེ་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་། འབད་འབུངས་ཡར་བརྩོན་དང་ཞུམ་མེད་མདུན་སྐྱོད་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས”ཞེས་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་འདི་ནི་ཇི་འདྲའི་མི་སེམས་ལ་སྐུལ་མ་ཐེབས་ཤིང་འབད་འབུངས་མདུན་སྐྱོད་བྱེད་པར་སྐུལ་འདེད་ཐུབ་པ་ཞིག་རེད་ཨང་།

    《སུང་ཧྭ་གཙང་པོའི་ཐོག》དང་། 《ཐའེ་ཧང་རི་བོའི་ཐོག》 《རྨ་ཆུ་སྲུང་སྐྱོབ》 《གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད》སོགས་རི་འགོག་དམག་འཁྲུག་གི་ལོ་ཟླའི་ནང་ཐོན་པའི་གླུ་གཞས་སྙན་མོ་བསྟུད་མར་བླངས་པ་ལས། མི་རྣམས་ཀྱིས་རི་འགོག་དམག་འཁྲུག་གི་ལོ་རྒྱུས་བསྐྱར་དྲན་དང་རི་འགོག་དམག་འཁྲུག་གི་སྙིང་སྟོབས་མྱོང་ཚོར་ཐུབ་ཡོད།

    དཀའ་བ་ཚད་མེད་སྤྱད་པའི་རླབས་ཆེན་གྱི་དམག་འཁྲུག་དེའི་ཁྲོད། ཀྲུང་གོ་མི་དམངས་ཀྱིས་རྒྱལ་ཁབ་དར་རྒུད་ཅི་ཡོང་དེ། སྐྱེ་བོ་ཀུན་ལ་འགན་འཁྲི་ཡོད་པའི་རྒྱལ་གཅེས་ཀྱི་བརྩེ་སེམས་དང་། འཆི་བར་མི་སྐྲག་པ་དང་ཤི་ཡང་མགོ་མི་སྒུར་བའི་མི་རིགས་ཀྱི་ལ་རྒྱ། གཏུམ་དྲག་ལ་མི་སྐྲག་པར་དམར་འཛིང་མཐའ་འཁྱོལ་བ་བྱེད་པའི་དཔའ་བོའི་ལ་རྒྱ། ལན་བརྒྱར་ཕམ་ཡང་དཔའ་མི་ཞུམ་པའི་རྒྱལ་ཁ་ཐོབ་ངེས་ཀྱི་གདེང་ཚོད་བཅས་འཛམ་གླིང་ལ་བསྟན་ཡོད། རི་འགོག་དམག་འཁྲུག་གི་སྙིང་སྟོབས་རླབས་པོ་ཆེ་ནི་ཀྲུང་གོ་མི་དམངས་ཀྱི་ཧ་ཅང་རྩ་ཆེ་བའི་བསམ་པའི་རྒྱུ་ནོར་རེད་ལ། དེ་ནི་ཡུལ་དུས་བརྒལ་ཞིང་དུས་ཡུན་ཇི་ཙམ་སོང་ཡང་དེ་ཙམ་རིན་ཐང་ལྡན་པ་ཞིག་རེད།

    དཀའ་སྡུག་ནས་འོད་སྟོང་དང་། རླབས་ཆེན་གྱི་རྒྱལ་ཁ་ནས་བསྐྱར་དར་རླབས་པོ་ཆེའི་ཕྱོགས་སུ་བསྐྱོད་དེ་རི་འགོག་དམག་འཁྲུག་གི་སྙིང་སྟོབས་རླབས་པོ་ཆེ་རྒྱུན་འཛིན་དང་དར་སྤེལ་བཏང་བས། ཀྲུང་གོ་མི་དམངས་ལ་ཉེན་ཁ་དང་འགྲན་སློང་མཐའ་དག་ལས་རྣམ་པར་རྒྱལ་ཐུབ་པའི་བསམ་པའི་སྒུལ་ཤུགས་ཆེན་པོ་བསྣན་ཡོད།

    ད་ལྟ་ཀྲུང་གོའི་ས་གཞི་ཆེན་པོར་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་ཆེན་པོ་བྱུང་ཡོད། གཟབ་རྒྱས་ཀྱི་དམག་གཟིགས་མཛད་སྒོ་འཚོགས་པ་དང་། བརྗིད་ཉམས་ལྡན་པའི་རྒྱལ་གླུའི་དབྱངས་རྟ་གྲགས་པ། རི་འགོག་དམག་འཁྲུག་ལ་ཞུགས་མྱོང་བའི་དམག་མི་རྒན་གྲས་ཀྱིས“རྒྱལ་ཁབ་ལ་སྟོབས་ཤུགས་ཆེན་པོ་འདི་འདྲ་ལྡན་པ་མཐོང་དུས། སྔོན་ཆད་དཀའ་སྡུག་མྱངས་པར་དོན་སྙིང་ལྡན་སོང”ཞེས་མྱོང་བ་ཟབ་མོས་བརྗོད་པ་སོགས་ལས་མི་རྣམས་ཀྱིས་རི་འགོག་དམག་འཁྲུག་གི་སྙིང་སྟོབས་རླབས་པོ་ཆེ་རྒྱུན་འཛིན་དང་དར་སྤེལ་གཏོང་བ་ནི་ཀྲུང་གོར་ཉིན་རེ་བཞིན་འཕེལ་རྒྱས་འགྲོ་བའི་མན་ངག་གལ་ཆེན་ཞིག་ཡིན་པ་མ་ཟད། རྒྱང་ལམ་གསར་པར་ལོ་རྒྱུས་ཀྱི་བྱ་གཞག་རླབས་པོ་ཆེ་གསར་པ་གཏོད་པའི་སྟོབས་ཤུགས་ཀྱི་འབྱུང་ཁུངས་དེ་བས་ཀྱང་ཡིན་པ་དངོས་འབྲེལ་ཚོར་ཡོད་པ་རེད།

    དུས་རབས་གསར་པར་སླེབས་ཚུན་གྱི་ལོ་འདི་དག་རིང་ནི་སྤྱིར་བཏང་གཏན་ནས་མིན་པ་ཞིག་རེད། དཔལ་འབྱོར་བརྟན་དུ་བཏང་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། དབུལ་སྒྲོལ་འགག་སྒྲོལ་བྱས་ནས་འབྱོར་འབྲིང་བསྐྲུན་པ། རིམས་ནད་ཚོད་འཛིན་བྱས་ནས་གནོད་འཚེ་ཆེན་པོ་འགོག་པ། འགྱུར་ལྡོག་ལ་ཁ་གཏད་བཅག་ནས་ཉམས་ཉེན་སེལ་བ་སོགས་རྒྱལ་ཁ་རབ་དང་རིམ་པ་ཅི་ཞིག་ལ་བརྟེན་ནས་བླངས་པ་རེད་ཅེ་ན། དེ་ནི་མི་དམངས་དུང་ཕྱུར་མང་པོའི་འཐབ་རྩོད་བྱེད་ཕོད་པ་དང་གསར་གཏོད་བྱེད་མཁས་པའི་གཟུངས་མདངས་ཉམས་གསུམ་ལ་བརྟེན་པ་ཞིག་རེད།

    དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་བླངས་པའི་ཐད། “ང་ནི་གུང་ཁྲན་ཏང་ཡོན་ཞིག་ཡིན་པས། མང་ཚོགས་ཀྱི་སྣེ་ཁྲིད་དེ་དབུལ་ཕོངས་སེལ་བ་ནི་ངའི་འོས་འགན་ཡིན”ཞེས་པ་ལས་ཐོག་མའི་བསམ་འདུན་བདེན་དཔང་བྱས་ཡོད། འཛམ་གླིང་གི་ཚན་རྩལ་ཡང་རྩེར་འཛེགས་པའི་ཐད། “ལམ་བུ་ཇི་ཙམ་འགྲོ་དཀའ་ན། ང་དེ་ཙམ་འགྲོ་འདོད་འདུག”ཅེས་པ་ལས་སྤོབས་སེམས་མངོན་པར་བྱས་ཡོད། བཙན་གནོན་དང་བཀག་སྡོམ་ལ་ཁ་གཏད་འཇལ་བའི་ཐད། “སེམས་ནུས་གཅིག་ཏུ་བསྒྲིལ་ནས་རང་ཉིད་ཀྱི་བྱ་བ་ལེགས་པར་སྒྲུབ་དགོས”ཞེས་པ་ལས་ངེས་ཤུགས་མངོན་ཡོད།

    ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཀྲུང་གོ་མི་དམངས་ཀྱིས་ཁྱད་བསད་བྱེད་དཀའ་བའི་དཀའ་ཉེན་མང་པོ་ཁྱད་དུ་བསད་དེ་མི་རྣམས་ཧང་སངས་དགོས་པའི་མི་ཡུལ་གྱི་ངོ་མཚར་མང་པོ་བཏོད་པས། བསམ་པའི་ཉམས་འགྱུར་སྔར་བས་དཔའ་ངར་ཆེར་སྐྱེད་དུ་གྱུར་པ་དང་དེ་བས་རང་འགུལ་གྱི་བསམ་པའི་སྟོབས་ཤུགས་འཕེལ་ནས། ཡིད་ཆེས་ལྡབ་བརྒྱས་རླབས་ཆེ་བའི་ལོ་རྒྱུས་གསར་པ་རྩོམ་བཞིན་ཡོད།

    ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ཡོང་བར་བྱེད་པའི་འགྲོ་ལམ་ཡངས་ཤིང་རྒྱ་ཆེ་བ་ཞིག་རེད། དེ་དང་ཆབས་ཅིག ང་ཚོས་ཡངས་ཤིང་རྒྱ་ཆེ་བའི་འགྲོ་ལམ་ནི་ས་ཐང་ཡངས་པོ་ཞིག་མིན་པ་གསལ་པོར་ཤེས་ཡོད། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པར་རྨང་གཞི་བརྟན་གཏོང་དང་ཕྱོགས་ཡོངས་ནས་ནུས་ཤུགས་འདོན་པའི་འགག་རྩའི་དུས་སྐབས་ཤིག་ཡིན་པས། རང་རྒྱལ་གྱི་འཕེལ་རྒྱས་ཁོར་ཡུག་ལ་གཏིང་ཟབ་ཅིང་རྙོག་འཛིང་ཆེ་བའི་འགྱུར་ལྡོག་འཕྲད་པ་མ་ཟད། འཐབ་ཇུས་ཀྱི་གོ་སྐབས་དང་ཉེན་ཁ་འགྲན་སློང་ཡང་མཉམ་དུ་གནས་པ་དང་། གཏན་འཁེལ་མེད་པ་དང་སྔོན་དཔག་དཀའ་བའི་རྒྱུ་རྐྱེན་ཡང་ཇེ་མང་དུ་འགྲོ་བཞིན་ཡོད། ང་ཚོར་འཕྲད་པའི་འཐབ་རྩོད་སྣ་ཚོགས་ནི་དུས་ཐུང་ཞིག་མིན་པར་དུས་ཡུན་རིང་པོ་ཞིག་ཡིན་ཏེ་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་ཡོད་པས། ངེས་པར་དུ་ཉམས་སད་ཧ་ཅང་ཆེན་པོར་ཁ་གཏད་འཇལ་བའི་གྲ་སྒྲིག་བྱེད་དགོས།

    “དཀའ་ཉེན་འཕྲད་དུས། དཔའ་ངར་ཆེར་སྐྱེད་ཀྱི་སྙིང་སྟོབས་ལ་བརྟེན་ཚེ་གཞི་ནས་སྒྲོལ་ཐུབ” རྒྱང་ལམ་གསར་པར་རི་འགོག་དམག་འཁྲུག་གི་སྙིང་སྟོབས་རླབས་པོ་ཆེ་རྒྱུན་འཛིན་དང་དར་སྤེལ་གཏོང་དོན་ནི་འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་དང་། རྒྱལ་ཁ་ཐོབ་ངེས་ཀྱི་ཡིད་ཆེས་བརྟན་དུ་གཏོང་ཆེད་ཡིན། འགལ་བ་དང་གནད་དོན་ལ་མི་གཡོལ་བ་དང་། རྙོག་འཛིང་ཆེ་བའི་གནད་དོན་སེལ་བར་དཔའ་མི་ཞུམ་པ། ཉེན་ཁ་དང་འགྲན་སློང་མདུན་དུ་ཕྱིར་བཤོལ་མི་བྱེད་པ། ཞུམ་མེད་མདུན་སྐྱོད་ཀྱི་སྤོབས་སེམས་དང་སྙིང་སྟོབས་ལ་བརྟེན་ནས་འཐབ་རྩོད་བྱས་ཏེ་བྱ་གཞག་འཕེལ་རྒྱས་ཀྱི་གནམ་ས་གསར་པ་གཏོད་དགོས།

    བཞུད་ལམ་ལ་ཕྱིར་ལྟ་བྱས་ཚེ། འཐབ་རྩོད་དང་དམག་འཁྲུག་གིས་མི་རིགས་ཀྱི་སྒལ་ཚིགས་དྲང་པོར་བསྲངས་ཡོད། མདུན་ཕྱོགས་ལ་རྒྱང་ལྟ་བྱས་ན། བསམ་པའི་འོད་སྣང་གིས་བསྐྱར་དར་གྱི་ལམ་བུར་ལམ་སྟོན་བྱས་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཐོག རི་འགོག་དམག་འཁྲུག་གི་སྙིང་སྟོབས་རླབས་པོ་ཆེ་དེ་ཉིད་འབད་འབུངས་མདུན་སྐྱོད་ཀྱི་སྒུལ་ཤུགས་དང་། མཐུན་སྒྲིལ་གྱི་སྟོབས་ཤུགས། འབྱུང་འགྱུར་གཏོད་པའི་དད་སེམས་བཅས་སུ་བསྒྱུར་ཚེ། ང་ཚོས་རྒྱལ་ཁ་ནས་རྒྱལ་ཁ་གསར་པའི་ཕྱོགས་སུ་རྒྱུན་ཆད་མེད་པར་སྐྱོད་ཐུབ་ངེས་རེད།