རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-09-10   རྩོམ་ཁུངས།    མི་དམངས་ཉིན་རེའི་ཚགས་པར།
ལུས་རྩལ་འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་འདོན་སྤེལ་བྱས་ནས་ལུས་རྩལ་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་གཏོང་དགོས།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《ལུས་རྩལ་འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་འདོན་སྤེལ་བྱས་ནས་ལུས་རྩལ་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར》(གཤམ་དུ《བསམ་འཆར》ཞེས་བསྡུ་རྒྱུ) བཀྲམ་པ་རེད།
《བསམ་འཆར》ནང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར། དེང་རབས་ཀྱི་ལུས་རྩལ་ཐོན་ལས་མ་ལག་མགྱོགས་མྱུར་འཛུགས་པ། ལུས་རྩལ་འཛད་སྤྱོད་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ་བཅས་བྱས་ནས་ལུས་རྩལ་ཐོན་ལས་ཀྱི་སྤྱི་ཡོངས་ཀྱི་སྟོབས་ཤུགས་དང་འགྲན་རྩོད་ནུས་པ་ཆེ་རུ་གཏོང་དགོས། 2030ལོར་སླེབས་སྐབས་འཛམ་གླིང་ལ་ཤུགས་རྐྱེན་ལྡན་པའི་ལུས་རྩལ་ཁེ་ལས་དང་ལུས་རྩལ་འགྲན་བསྡུར་ཁག་གཅིག་སྐྱེད་སྲིང་བྱས་ཏེ། ལུས་རྩལ་ཐོན་ལས་འཕེལ་རྒྱས་ཀྱི་ཆུ་ཚད་ཆེས་ཆེར་འཕར་བ་དང་སྤྱིའི་གཞི་ཁྱོན་སྒོར་དུང་ཕྱུར་ཁྲི་7ལས་བརྒལ་བ་བྱས་ནས་འཕེལ་རྒྱས་ཀྱི་ཆགས་སྟངས་གསར་པ་གཏོད་པའི་ཁྲོད་ནུས་པ་གལ་ཆེན་འདོན་དགོས་ཞེས་བཏོན་ཡོད།
《བསམ་འཆར》ནང་། གཙོ་གནད་བྱ་ཐབས་ཁག་6གི་དོན་ཚན་20བཏོན་ཞིང་། གཅིག་ནས་ལུས་རྩལ་ཐོན་རྫས་མཁོ་སྤྲོད་བྱེད་རྒྱ་ཆེ་རུ་གཏོང་བ་དང་། ལུས་རྩལ་འགྲན་བསྡུར་བྱེད་སྒོ་ཕུན་སུམ་ཚོགས་སུ་གཏོང་བ། འགྲན་བསྡུར་གྱི་ཞབས་ཞུའི་དོ་དམ་ལེགས་སུ་གཏོང་བ། ཕྱི་རོལ་ལུས་རྩལ་ཐོན་ལས་འཕེལ་རྒྱས་གཏོང་བ། གངས་འཁྱགས་དཔལ་འབྱོར་སྐྱེད་སྲིང་དང་རྒྱ་སྟོབས་ཆེ་རུ་གཏོང་བ་བཅས་བྱས་ནས་ལུས་རྩལ་མཁོ་ཆས་རིམ་སྤོར་ལ་སྐུལ་འདེད་གཏོང་དགོས། གཉིས་ནས་ལུས་རྩལ་འཛད་སྤྱོད་ཀྱི་དགོས་མཁོ་ཆེ་རུ་གཏོང་བ་དང་། ལུས་རྩལ་འཛད་སྤྱོད་ཀྱི་རྣམ་པ་མང་དུ་གཏོང་བ། ལུས་རྩལ་འཛད་སྤྱོད་ཀྱི་བྱེད་སྒོ་གཉེར་བ། འཛད་སྤྱོད་ཀྱི་དམངས་ཕན་བྱ་ཐབས་ལག་བསྟར་བཅས་བྱས་ཏེ་ལུས་རྩལ་འཛད་སྤྱོད་ཀྱི་ཚོགས་སྤྱི་རྒྱ་ཆེར་གཏོང་དགོས། གསུམ་ནས་ལུས་རྩལ་གྱི་གཉེར་སྐྱོང་བྱེད་པོ་སྟོབས་ཆེར་གཏོང་བ་དང་། ལུས་རྩལ་ཁེ་ལས་རྒྱ་ཆེར་དང་སྟོབས་ཆེར་གཏོང་བ། སྤུས་ལེགས་ཀྱི་འབྲེལ་མཐུད་ལས་སྟེགས་འཛུགས་པ་བཅས་བྱས་ནས་ལུས་རྩལ་ཐོན་ལས་ཀྱི་སྤེལ་རེས་མཉམ་ལས་ཟབ་ཏུ་གཏོང་དགོས། བཞི་ནས་ལུས་རྩལ་ཐོན་ལས་ཀྱི་འཕར་གཞི་སྐྱེད་སྲིང་དང་། ལས་རིགས་མཉམ་འདྲེས་འཕེལ་རྒྱས་ཟབ་ཏུ་གཏོང་བ། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་ལུས་རྩལ་གྲངས་འཛིན་ཅན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ལྔ་ནས་ཐོན་ལས་ཀྱི་གཙོ་རྒྱུའི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། དངུལ་རྩའི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་ལུས་རྩལ་ཐང་མཁོ་སྤྲོད་བྱེད་མང་དུ་གཏོང་དགོས། དྲུག་ནས་ཞབས་ཞུའི་འགན་སྲུང་ཆུ་ཚད་མཐོ་རུ་གཏོང་བ་དང་ཁྲོམ་རའི་ཁོར་ཡུག་བཟང་པོ་བཏོད་དེ་ལུས་རྩལ་ཐོན་ལས་བསྡོམས་རྩིས་དང་ལྟ་ཞིབ་ཚད་ལེན་ལས་དོན་ཡག་པོ་སྒྲུབ་དགོས་པ་བཅས་རེད།