རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-09-10   རྩོམ་ཁུངས།    མི་དམངས་ཉིན་རེའི་ཚགས་པར།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་5ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་2025ལོའི་འཛམ་གླིང་རིག་ནུས་ཐོན་ལས་འགྲེམས་ཚོགས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་རེད།
ཞི་ཅིན་ཕིང་གིས། མིག་སྔར་མི་ཐབས་རིག་ནུས་ལག་རྩལ་རིམ་འཇུག་འཕེལ་འགྱུར་མགྱོགས་པོ་ཕྱིན་ཏེ། མིའི་རིགས་ཀྱི་ཐོན་སྐྱེད་དང་འཚོ་བ་སྐྱེལ་སྟངས་ལ་འགྱུར་ལྡོག་གཏིང་ཟབ་འགྲོ་བཞིན་པ་དང་གོ་ལ་ཧྲིལ་པོའི་ཐོན་ལས་ཆགས་སྟངས་བསྐྱར་དུ་གཏོད་བཞིན་ཡོད། ཀྲུང་གོས་མི་ཐབས་རིག་ནུས་འཕེལ་རྒྱས་དང་བཅོས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ། མི་ཐབས་རིག་ནུས་ཀྱི་ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་ཧུར་ཐག་གཏོང་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མཐུན་རྐྱེན་སྦྱར་ནས་མི་དམངས་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་བར་རམ་འདེགས་བྱེད་ཀྱི་ཡོད་ཅེས་བསྟན་གནང་བ་རེད།
ཞི་ཅིན་ཕིང་གིས། མི་ཐབས་རིག་ནུས་ནི་མིའི་རིགས་ཡོངས་ལ་བདེ་སྐྱིད་སྐྲུན་པའི་རྒྱལ་སྤྱིའི་སྤྱི་རྫས་ཡིན་དགོས། ཀྲུང་གོས་འཛམ་གླིང་གི་རྒྱལ་ཁབ་ཁག་དང་མི་ཐབས་རིག་ནུས་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་མཉམ་ལས་རྒྱ་ཁྱབ་བྱེད་པ་དང་། འཕེལ་རྒྱས་ཀྱི་འཐབ་ཇུས་དང་། བཅོས་སྐྱོང་གི་སྒྲིག་སྲོལ། ལག་རྩལ་གྱི་ཚད་གཞི་སོགས་ཐད་ཀྱི་འབྲེལ་མཐུད་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ། རིག་ནུས་ཐོན་ལས་སྐྱོན་བྲལ་དང་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས་རིག་ནུས་ཀྱི་གྲུབ་འབྲས་རྒྱལ་ཁབ་ཁག་གི་མི་དམངས་ལ་དེ་བས་ལེགས་པའི་སྒོ་ནས་སྤྱོད་རྒྱུ་ཡོང་བ་བྱེད་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།
ཟླ་9ཚེས་5ཉིན། 2025ལོའི་འཛམ་གླིང་རིག་ནུས་ཐོན་ལས་འགྲེམས་ཚོགས་ཁྲུང་ཆིང་གྲོང་ཁྱེར་དུ་འགོ་ཚུགས་པ་དང་། དེའི་བརྗོད་དོན་གཙོ་བོ་ནི“མི་ཐབས་རིག་ནུས་+”དང“རིག་ནུས་དྲ་སྦྲེལ་གྱི་ནུས་རྒྱུ་གསར་པའི་རླངས་འཁོར”ཞེས་པ་དེ་ཡིན་ཞིང་། ཁྲུང་ཆིང་གྲོང་ཁྱེར་མི་དམངས་སྲིད་གཞུང་དང་ཐེན་ཅིན་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་ཐུན་མོང་ཐོག་གཙོ་གཉེར་བྱས་པ་རེད།