ཞི་ཅིན་ཕིང་གིས་ས་ངོས་དཔུང་སྡེའི་རུ་སྟར་ལ་གཟིགས་ཞིབ་གནང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-09-03   རྩོམ་ཁུངས།    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།


        ཟླ་9ཚེས་3ཉིན་གྱི་སྔ་དྲོ། ཀྲུང་གོ་མི་དམངས་ཀྱི་ལྗར་འགོག་དམག་འཁྲུག་དང་འཛམ་གླིང་གིས་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་གཟབ་རྒྱས་ངང་འཚོགས་པ་དང་། དམག་གཟིགས་མཛད་སྒོ་གཟབ་རྒྱས་ཀྱི་ཐོག་ནས་འཛམ་གླིང་མི་དམངས་དང་མཉམ་དུ་རླབས་ཆེན་གྱི་ཉིན་མོ་འདིར་དྲན་གསོ་ཞུས་ཡོད།

        རྔམ་བརྗིད་ལྡན་པའི་དམག་དཔུང་རོལ་དབྱངས་ཁྲོད། ཞི་ཅིན་ཕིང་རླངས་འཁོར་ལ་བཞུགས་ནས་ཡངས་ཤིང་རྒྱ་ཆེ་བའི་ཁྲང་ཨན་ཁྲོམ་གཞུང་བརྒྱུད། རྐང་ཐང་རུ་སྟར་དང་སྒྲིག་ཆས་རུ་སྟར་ལ་རིམ་བཞིན་གཟིགས་ཞིབ་གནང་ཡོད་པ་རེད།

        གཟིགས་ཞིབ་དང་ལེན་ཞུ་མཁན་དཔུང་སྡེའི་དམག་གི་རྣམ་འགྱུར་བསྒམ་བརླིང་གཟབ་ནན་དང་དཔའ་ཉམས་ཀྱིས་ཕྱུག་པ། ལྕགས་ཁྲབ་འཐབ་འཁོར་གྲལ་སྟར་སྒྲིག་ཅིང་རྔམ་བརྗིད་དང་ལྡན། གཟིགས་ཞིབ་རླངས་འཁོར་དལ་པོས་མདུན་དུ་སྐྱོད་པ་དང་དཔོན་དམག་ཚོའི་མིག་མདངས་ལས་ཟེར་འོད་འཚེར།

        “བློ་མཐུན་ཚོ། སྐུ་ཁམས་བཟང་།” “བློ་མཐུན་ཚོ། དཀའ་ལས་ཁག་སོང་།” ཞི་ཅིན་ཕིང་གི་བྱམས་བརྩེའི་འཚམས་འདྲིས་དམག་མིའི་ངར་ཤུགས་ལྷག་ཏུ་འཕེལ་ཡོད། “ཀྲུའུ་ཞི་མཆོག སྐུ་ཁམས་བཟང་།” “མི་དམངས་ལ་ཞབས་འདེགས་ཞུ།” དམག་གཟིགས་དང་ལེན་ཞུ་མཁན་དཔོན་དམག་ཚོའི་དཔའ་བའི་ཉམས་ཀྱིས་ཕྱུག་པའི་ལན་ཆའི་བྲག་ཆ་ལྷང་ལྷང་གྲགས། ཞི་ཅིན་ཕིང་གཟིགས་ཞིབ་རླངས་འཁོར་ལ་བཞུགས་ནས་གནམ་བདེ་སྒོ་མོ་ཆེར་ཕྱིར་ཕེབས་གནང་སྐབས། གཟིགས་ཞིབ་དང་ལེན་ཞུ་མཁན་དཔོན་དམག་ཚོས་མཉམ་དུ་དམག་དཔུང་སྟོབས་ཆེར་གཏོང་བའི་འབོད་ཚིག་སྟེ། “ཏང་གི་བཀོད་འདོམས་ལ་ཉན། གཡུལ་ལས་རྒྱལ་བར་བྱེད། སྤྱོད་ཚུལ་བཟང་པོ་སྐྱོང་།” “དྲང་བདེན་རྣམ་པར་རྒྱལ་བར་ངེས། ཞི་བདེར་རྣམ་པར་རྒྱལ་བར་ངེས། མི་དམངས་རྣམ་པར་རྒྱལ་བར་ངེས།” ཆེས་སྐད་གསང་མཐོ་བའི་མགྲིན་དབྱངས་ཀྱིས། ཆེས་རྔམ་བརྗིད་ལྡན་པའི་དམ་ཚིག་བསྒྲགས།