རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-09-02   རྩོམ་ཁུངས།    ཞིན་ཧྭ་དྲ་བ།
ཟླ9པའི་ཚེས1ཉིན་གྱི་ཕྱི་དྲོར།“ཧྲང་ཧའེ་མཉམ་ལས་རྩ་འཛུགས+”ཀྱི་ཚོགས་འདུ་ཐེན་ཅིན་མའེ་ཅང་འགྲེམས་ཚོགས་ལྟེ་གནས་སུ་འཚོགས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚོགས་འདུར་མགོ་འཛིན་མཛད་པར་མ་ཟད། 《ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་འཛམ་གླིང་བཅོས་སྐྱོང་འཐུས་ཚང་དུ་གཏོང་དགོས》ཞེས་པ་ཁ་བྱང་དུ་བཟུང་ནས་གསུང་བཤད་གལ་ཆེན་གནང་།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ9པའི་ཚེས1ཉིན་གྱི་ཕྱི་དྲོར།“ཧྲང་ཧའེ་མཉམ་ལས་རྩ་འཛུགས”ཀྱི་ཚོགས་འདུ་ཐེན་ཅིན་མའེ་ཅང་འགྲེམས་ཚོགས་ལྟེ་གནས་སུ་འཚོགས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚོགས་འདུར་མགོ་འཛིན་མཛད་པར་མ་ཟད། 《ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་འཛམ་གླིང་བཅོས་སྐྱོང་འཐུས་ཚང་དུ་གཏོང་དགོས》ཞེས་པ་ཁ་བྱང་དུ་བཟུང་ནས་གསུང་བཤད་གལ་ཆེན་གནང་།
ཞི་ཅིན་ཕིང་གིས་བསྟན་དོན། ད་ལོ་ནི་འཛམ་གླིང་གིས་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པ་དང་མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་ལོ་འཁོར80ལོན་པའི་ལོ་ཡིན་པས། ལོ་རྒྱུས་བློ་ལ་བརྟན་པོར་འཛིན་པ་དང་མ་འོངས་མཉམ་སྐྲུན་གྱི་དུས་སྐབས་གལ་ཆེན་ཞིག་ཡིན། ལོ་ངོ80ཡི་སྔོན་ལ། འཛམ་གླིང་དམག་འཁྲུག་ཆེན་མོ་ཐེངས་གཉིས་ཀྱི་གོད་ཆག་གིས་རྒྱལ་སྤྱིའི་སྤྱི་ཚོགས་ལ་སྡུག་བསྔལ་ཆེན་པོ་བཟོས་ཤིང་། དེར་བསྟུན་ནས་མཉམ་འབྲེལ་རྒྱལ་ཚོགས་དབུ་བརྙེས་ཏེ་འཛམ་གླིང་བཅོས་སྐྱོང་གི་ལེའུ་གསར་པ་ཞིག་བརྩམས། ལོ་ངོ80ཡི་རྗེས་སུ། འཛམ་གླིང་གཡོ་འགུལ་དང་འཕོ་འགྱུར་གྱི་དུས་སྐབས་གསར་པར་སླེབས་པ་དང་བསྟུན་ནས་འཛམ་གླིང་གི་བཅོས་སྐྱོང་བྱ་གཞག་ཀྱང་བཞི་མདོ་གསར་པར་སླེབས། ལོ་རྒྱུས་ཀྱིས་ང་ཚོར་དཀའ་ངལ་ཅི་ཙམ་ཆེ་ནའང་། ཞི་བདེ་མཉམ་གནས་ཀྱི་ཐོག་མའི་བསམ་འདུན་རྒྱུན་འཁྱོངས་བྱས་ནས་མཉམ་ལས་མཉམ་རྒྱལ་གྱི་ཡིད་ཆེས་ཇེ་བརྟན་དུ་གཏོང་དགོས་པ་དང་། ལོ་རྒྱུས་འཕེལ་རིམ་གྱི་ཆོས་ཉིད་ལྟར་མདུན་སྐྱོད་དང་དུས་རབས་འཕེལ་རྒྱས་ཀྱི་རླབས་རྒྱུན་ཁྲོད་འཕེལ་རྒྱས་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པ་བསྟན་ཡོད། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་ཁག་དང་མཉམ་དུ་སྔར་ལས་དྲང་བདེན་ལུགས་མཐུན་གྱི་འཛམ་གླིང་བཅོས་སྐྱོང་མ་ལག་འཛུགས་རྒྱུར་སྐུལ་འདེད་བཏང་སྟེ། ལག་གདང་སྦྲེལ་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་མཉམ་སྐྲུན་བྱེད་འདོད་ཡོད།
ཞི་ཅིན་ཕིང་གིས་འཛམ་གླིང་བཅོས་སྐྱོང་གི་ཐད་གྲོས་གཞི་བཏོན་པ་སྟེ།
གཅིག བདག་དབང་འདྲ་མཉམ་ལག་བསྟར་བྱ་དགོས། རྒྱལ་ཁབ་སོ་སོར་ཆེ་ཆུང་དང་དྲག་ཞན། དབུལ་ཕྱུག་གི་ཁྱད་པར་གང་ཡོད་ཀྱང་། ཚང་མ་འཛམ་གླིང་བཅོས་སྐྱོང་ཁྲོད་འདྲ་མཉམ་ངང་ཞུགས་པ་དང་འདྲ་མཉམ་ངང་ཇུས་ཐག་གཅོད་པ། འདྲ་མཉམ་ངང་ཁེ་ཕན་ཐོབ་དགོས། རྒྱལ་སྤྱིའི་འབྲེལ་བའི་དམངས་གཙོ་ཅན་ལ་སྐུལ་འདེད་བཏང་ནས། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་འཐུས་ཚབ་རང་བཞིན་དང་གཏམ་བཤད་དབང་ཆེ་རུ་གཏོང་དགོས།
གཉིས། རྒྱལ་སྤྱིའི་ཁྲིམས་སྐྱོང་བརྩི་སྲུང་བྱ་དགོས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་ཀྱི་དམིགས་ཡུལ་དང་རྩ་དོན་སོགས་ཀུན་གྱིས་ཁས་ལེན་པའི་རྒྱལ་སྤྱིའི་འབྲེལ་བའི་རྩ་བའི་ཚད་གཞི་ཁྱོན་ཡོངས་དང་གང་ལེགས། ཆ་ཚང་བ་བཅས་ཀྱི་སྒོས་ནས་བརྩི་སྲུང་བྱས་ནས། རྒྱལ་སྤྱིའི་བཅའ་ཁྲིམས་དང་རྒྱལ་སྤྱིའི་སྒྲིག་སྲོལ་འདྲ་མཉམ་གཅིག་གྱུར་ངང་སྤྱོད་པར་ཁག་ཐེག་བྱས་ཏེ། ལྟ་སྟངས་མི་འདྲ་བ་མི་འཛིན་པ་དང་རྒྱལ་ཁབ་ཉུང་ཤས་ཀྱི་“ཁྱིམ་སྲོལ”དེ་གཞན་ལ་བཙན་འགེལ་བྱེད་མི་རུང་།
གསུམ། ཕྱོགས་མང་རིང་ལུགས་ལག་བསྟར་བྱ་དགོས། མཉམ་གྲོས་དང་མཉམ་སྐྲུན། མཉམ་སྤྱོད་བཅས་ཀྱི་འཛམ་གླིང་བཅོས་སྐྱོང་ལྟ་བ་རྒྱུན་འཁྱོངས་བྱས་ནས། མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་དང་ཕྱོགས་རྐྱང་རིང་ལུགས་ལ་ངོ་རྒོལ་བྱེད་དགོས་ལ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་གནས་དང་དབང་གྲགས་ལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱས་ཏེ། འཛམ་གླིང་བཅོས་སྐྱོང་ཁྲོད་ཀྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚབ་བྱེད་མི་ཐུབ་པའི་ནུས་པ་གལ་ཆེན་འདོན་སྤེལ་བྱ་དགོས།
བཞི། མི་རྩ་བར་འཛིན་རྒྱུ་དར་སྤེལ་གཏོང་དགོས། འཛམ་གླིང་བཅོས་སྐྱོང་མ་ལག་བཅོས་བསྒྱུར་དང་འཐུས་ཚང་དུ་བཏང་ནས། རྒྱལ་ཁབ་ཁག་གི་མི་དམངས་ཐུན་མོང་ཐོག་འཛམ་གླིང་བཅོས་སྐྱོང་ནང་ཞུགས་པ་དང་འཛམ་གླིང་བཅོས་སྐྱོང་གི་གྲུབ་འབྲས་མཉམ་སྤྱོད་བྱེད་པར་འགན་སྲུང་བྱས་ཏེ། མིའི་རིགས་ཀྱི་སྤྱི་ཚོགས་ལ་གནས་པའི་ཐུན་མོང་གི་འགྲན་སློང་ལ་སྔར་ལས་ལེགས་པར་གདོང་གཏད་ནས། ལྷོ་བྱང་བར་གྱི་འཕེལ་རྒྱས་ཀྱི་འགལ་བ་སེལ་དགོས་ལ། འཛམ་གླིང་རྒྱལ་ཁབ་ཁག་གི་ཐུན་མོང་གི་ཁེ་ཕན་ལ་སྲུང་སྐྱོབ་གང་ལེགས་བྱ་དགོས།
ལྔ། འགུལ་སྐྱོད་ཀྱི་ཁྲིད་ཕྱོགས་ལ་མཐོང་ཆེན་བྱ་དགོས། བརྒྱུད་རིམ་ལྡན་པའི་འཆར་འགོད་དང་སྤྱིའི་སྐུལ་སྤེལ་རྒྱུན་འཁྱོངས་བྱས་ནས། འཛམ་གླིང་གི་འགུལ་སྐྱོད་ལ་གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་བྱེད་དགོས་ལ། ཕྱོགས་སོ་སོའི་ཐོན་ཁུངས་སྐོང་འཐེན་གང་ལེགས་བྱེད་པ་དང་མཐོང་ཐུབ་པའི་གྲུབ་འབྲས་སྔར་ལས་གང་མང་བསྐྲུན་ནས། དངོས་སྒྲུབ་མཉམ་ལས་ཀྱིས་བཅོས་སྐྱོང་ཁྲོད་ཀྱི་ནོར་འཛོལ་ལ་གཡོལ་ཐབས་བྱེད་དགོས་ཞེས་གསུངས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཧྲང་ཧའེ་མཉམ་ལས་རྩ་འཛུགས་བཙུགས་པའི་བསྒྲགས་གཏམ་དང་རྩ་འཛུགས་ཀྱི་རྩ་འཛིན་ནང་རྒྱལ་སྤྱིའི་ཆབ་སྲིད་དང་དཔལ་འབྱོར་གྱི་སྒྲིག་ལམ་སྔར་ལས་དམངས་གཙོ་དང་དྲང་གཞག ལུགས་མཐུན་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། ལོ་ངོ24རིང་། ཕན་ཚུན་ཡིད་ཆེས་དང་གཉིས་ཕན། འདྲ་མཉམ། གྲོས་མོལ། ཤེས་རིག་སྣ་མང་ལ་བརྩི་འཇོག མཉམ་དུ་འཕེལ་རྒྱས་དོན་གཉེར་བྱེད་པ་བཅས་ཀྱི“ཧྲང་ཧའེ་ཡི་སྙིང་སྟོབས”རྒྱུན་འཁྱོངས་བྱེད་པར་རྩ་འཛུགས་བྱས་ཏེ། ས་ཁུལ་གྱི་ལས་དོན་མཉམ་གྲོས་དང་སྟེགས་བུའི་ལམ་སྲོལ་མཉམ་སྐྲུན། མཉམ་ལས་ཀྱི་གྲུབ་འབྲས་མཉམ་སྤྱོད་བཅས་རྒྱུན་འཁྱོངས་བྱས་ལ། འཛམ་གླིང་བཅོས་སྐྱོང་གི་འདུ་ཤེས་གསར་པ་མང་པོ་བཏོན་པར་མ་ཟད་ལག་བསྟར་བྱས་ནས། ཉིན་རེ་བཞིན་འཛམ་གླིང་བཅོས་སྐྱོང་མ་ལག་འཛུགས་སྐྲུན་དང་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་སུ་གྱུར་ཡོད། མགྱོགས་མྱུར་ངང་འཕེལ་བཞིན་པའི་འཛམ་གླིང་གི་ལོ་བརྒྱར་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་མོར་ཁ་གཏད་དེ། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱིས་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ནས། འཛམ་གླིང་གི་ཞི་བདེ་དང་བརྟན་བརླིང་ལ་སྲུང་སྐྱོང་བྱ་ཆེད། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་སྟོབས་ཤུགས་འབུལ་དགོས་པ་དང་། འཛམ་གླིང་གི་སྒོ་འབྱེད་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་འགན་འཁྲི་ཕྱོགས་ཡོངས་ནས་མངོན་དགོས་ལ། མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་དར་སྤེལ་གཏོང་ཆེད། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱིས་དཔེ་སྟོན་བྱེད་དགོས་ཤིང་། རྒྱལ་སྤྱིའི་དྲང་སྙོམས་དྲང་བདེན་ལ་སྲུང་སྐྱོང་བྱེད་ཆེད། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱིས་འགུལ་སྐྱོད་སྤེལ་བ་བཅས་བྱས་ཏེ། འཛམ་གླིང་བཅོས་སྐྱོང་གི་གྲོས་གཞི་ལག་བསྟར་གྱི་མིག་དཔེ་བྱེད་དགོས།
ཞི་ཅིན་ཕིང་གིས་མཇུག་མཐར་ནན་གྱིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་སོ་སོ་དང་མཉམ་དུ། བདེན་དོན་ལ་འགན་ཁུར་ཕོད་པ་དང་བདེན་པའི་ལམ་དུ་བསྐྱོད་དེ། འཛམ་གླིང་འཁྲུག་ཆེན་ཐེངས་གཉིས་པའི་ལོ་རྒྱུས་ཀྱི་ལྟ་བ་ཡང་དག་པ་དར་སྤེལ་གཏོང་བ་དང་། འཛམ་གླིང་འཁྲུག་ཆེན་གཉིས་པའི་རྒྱལ་ཁའི་གྲུབ་འབྲས་ལ་སྲུང་སྐྱོབ་མཐའ་གཅིག་ཏུ་བྱས་ནས། འཛམ་གླིང་ཧྲིལ་པོའི་བཅོས་སྐྱོང་མ་ལག་གི་བཅོས་སྒྱུར་ལ་སྐུལ་འདེད་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་པར་སྐུལ་འདེད་གཏོང་བའི་གྲུབ་འབྲས་ཀྱིས་མིའི་རིགས་ཡོངས་ལ་སྔར་ལས་ལེགས་པའི་བདེ་སྐྱིད་བསྐྲུན་འདོད་ཡོད།
ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་ཞུགས་རྒྱལ་ཁབ་ཨུ་རུ་སུ་དཀར་པོའི་སྲིད་འཛིན་ལུའུ་ཁ་ཧྲིན་ཁི་དང་དབྱི་ལང་གི་སྲིད་འཛིན་ཕེ་ཙེ་ཞི་ཆི་དབྱང་། ཧ་སག་སི་ཐན་གྱི་སྲིད་འཛིན་ཐའོ་ཁཱ་ཡེ་ཧྥུའུ། ཅིར་ཅི་སི་སི་ཐན་གྱི་སྲིད་འཛིན་ཀྲ་ཕ་ལའོ་ཧྥུའུ། ཕ་ཁི་སི་ཐན་གྱི་ཙུང་ལི་ཞ་པ་ཙི། ཨུ་རུ་སུའི་སྲིད་འཛིན་ཕུའུ་ཅིང་། ཐ་ཇིག་སི་ཐན་གྱི་སྲིད་འཛིན་ལ་ཧི་མོང་།ཝུའུ་ཙི་པེ་ཁི་སི་ཐན་གྱི་སྲིད་འཛིན་སྨི་ཨེར་ཅེ་ཡུའེ་ཡེ་ཧྥུའུ། རྒྱ་གར་གྱི་འཐུས་མི་བཅས་དང་། ལྟ་ཞིབ་པའི་རྒྱལ་ཁབ་མོང་གོལ་རྒྱལ་ཁབ་ཀྱི་སྲིད་འཛིན་ཧུའུ་རི་ལེ་སུའུ་ཧི་དང་། གླེང་མོལ་གྲོགས་པོའི་རྒྱལ་ཁབ་ཨ་སད་པེ་ཅང་གི་སྲིད་འཛིན་ཨ་ལིས་ཡེ་ཧྥུའུ། ཨར་མེ་ཉི་ཡའི་ཙུང་ལི་ཕ་ཧྲི་ཉིས་དབྱང་། ཁམ་ཕུ་ཁྲེ་ཡི་དབུ་བཞུགས་བློན་ཆེན་ཧུང་མཱ་ནའེ། ལའོ་ཝའོ་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཐུང་ལུན། མར་ཏི་ཝེ་ཡི་སྲིད་འཛིན་མུའུ་དབྱི་ཙི། འབར་མའི་སྲིད་འཛིན་ཚབ་མ་མེན་ཨང་ལའེ། བལ་བོའི་ཙུང་ལི་ཨའོ་ལིས། ཐུར་ཁེའི་སྲིད་འཛིན ཨའེ་ཨར་ཏུའོ་ཨན། ཨེ་ཅིབ་ཀྱི་ཙུང་ལི་མ་ཏི་པུའུ་ལིས། ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་མགྲོན་པོ་ཐུའུ་ཁུའུ་མན་སི་ཐན་གྱི་སྲིད་འཛིན་པེ་ཨར་ཏི་མུའུ་ཧ་མེ་ཏའོ་ཧྥུའུ། མ་ལེ་ཞི་ཡའི་ཙུང་ལི་ཨན་ཝ་ཨར། ཡོ་ནན་གྱི་ཙུང་ལི་ཧྥན་མེན་ཀྲིན། ཧིན་རྡུ་ཉི་ཞི་ཡའི་སྲིད་འཛིན་འཐུས་མི། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལའེ་སི། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྒྱུན་འཛུགས་སྒྲིག་གཞིའི་འགན་འཁུར་བ་དང་རྒྱལ་སྤྱིའི་རྩ་འཛུགས་གཞན་དག་དང་ཕྱོགས་མང་ལམ་སྲོལ་གྱི་འགན་ཁུར་བ་བཅས་ཚོགས་འདུར་ཞུགས།
ཕྱོགས་སོ་སོས་ཞི་ཅིན་ཕིང་གིས་བཏོན་པའི་འཛམ་གླིང་ཧྲིལ་པོའི་བཅོས་སྐྱོང་གི་གྲོས་གཞིར་ཚད་མཐོའི་གདེང་འཇོག་དང་རྒྱབ་སྐྱོར་གང་ལེགས་བྱས་པ་དང་། འཛམ་གླིང་ཧྲིལ་པོའི་བཅོས་སྐྱོང་མཚལ་ཡིག་ཆེ་རུ་ཕྱིན་པ་དང་། རྒྱུན་མཐུད་འཕེལ་རྒྱས་ལ་འགྲན་སློང་འཕྲད་པ། ཕྱོགས་རྐྱང་རིང་ལུགས་ཀྱི་མགོ་དགྱེ་བ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབང་གྲགས་དང་རྒྱལ་སྤྱིའི་སྒྲིག་སྲོལ་ལ་ཕོག་ཐུག་ཐེབས་ཡོད་པས། འཛམ་གླིང་ལ་བཅོས་སྐྱོང་གི་འདུ་ཤེས་གསར་རྐྱང་ཞིག་དགོས་པར་འདོད། འཛམ་གླིང་འཁྲུག་ཆེན་ཐེངས་གཉིས་པར་རྒྱལ་ཁ་ཐོབ་པ་དང་མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་ལོ་འཁོར80ལོན་པར་རྗེས་དྲན་ཞུ་པའི་སྐབས་སུ། ཀྲུང་གོས་འཛམ་གླིང་ཧྲིལ་པོའི་བཅོས་སྐྱོང་གི་གྲོས་གཞི་བཏོན་པ་དེ་སྐབས་དང་འཁེལ་ཡོད། འཛམ་གླིང་ཧྲིལ་པོ་བཅོས་སྐྱོང་བྱ་རྒྱུའི་གྲོས་གཞི་ཡིས་བཙན་དབང་གི་གཏན་ཚིགས་འདོར་བ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྲོག་ཤིང་གི་ནུས་པར་རྒྱབ་སྐྱོར་བྱེད་པ། མཉམ་དུ་འཕེལ་རྒྱས་གཏོང་བ། དྲང་གཞག་དྲང་བདེན་རྒྱུན་འཁྱོངས་བྱས་ཏེ། སྔར་ལས་ནུས་ལྡན་དང་དྲང་བཞག འདྲ་མཉམ་བཅས་ཀྱི་འཛམ་གླིང་ཧྲིལ་པོའི་བཅོས་སྐྱོང་མངོན་འགྱུར་བྱ་ཆེད་དང་། དེང་སྐབས་འཛམ་གླིང་གི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཐག་གཅོད་བྱེད་པར་ཀྲུང་གོའི་བློ་གྲོས་དང་ཀྲུང་གོའི་ཇུས་གཞིའི་བྱས་རྗེས་བཞག་ཡོད། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱིས“ཧྲང་ཧེ་ཡི་སྙིང་སྟོབས”ལ་བརྩི་སྲུང་བྱས་ཡོད་ལ། དེའི་གྲུབ་འབྲས་ཐོབ་པའི་ལག་ལེན་གྱིས་རྒྱལ་ཁབ་བར་ཕན་ཚུན་བརྩི་འཇོག་དང་ཕན་ཚུན་ཡིད་ཆེས། གཉིས་ཕན་མཉམ་རྒྱལ་བྱས་ཆོག་པ་ར་སྤྲོད་བྱས་ཏེ། འཛམ་གླིང་ཧྲིལ་པོའི་བཅོས་སྐྱོང་འཐུས་ཚང་དུ་གཏོང་བར་མིག་དཔེ་བསྟན་ཡོད། ཕྱོགས་སོ་སོས་འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་པར་མོས་མཐུན་བྱུང་བ་དང་། ཉོ་ཚོང་དང་དངུལ་གཏོང་། གསར་གཏོད། བཟོ་ལས། ཞིང་ལས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་དམ་ཟབ་ཏུ་གཏོང་བ་དང་། འཇིགས་སྐུལ་རིང་ལུགས་དང་དུག་ཚོང་། དྲ་ཐོག་ཉེས་གསོག་བཅས་ལ་རྡུང་རྡེག་བཏང་སྟེ། མི་གཞུང་རིག་གནས་བརྗེ་རེས་ལ་ཤུགས་སྣོན་བྱས་པ་བརྒྱུད། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཤུགས་རྐྱེན་འདོན་སྤེལ་བྱས་ནས། ཕྱོགས་མང་རིང་ལུགས་ལག་བསྟར་བྱས་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབང་གྲགས་ལ་སྲུང་སྐྱོང་བྱས་ཏེ། འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས། ཡར་རྒྱས་བཅས་ཀྱི་ལས་དོན་ལ་མཉམ་དུ་སྐུལ་འདེད་གཏོང་དགོས་པའི་འདོད་བློ་བསྟན།
ཞི་ཅིན་ཕིང་དང་ཚོགས་ཞུགས་མགོ་ཁྲིད་སོ་སོས་ཉིན་དེའི་ཐོ་རེངས་ཀྱི་ཆར་ཨ་ཧྥུའུ་ཧན་ལ་ས་ཡོམ་དྲག་པོ་བྱུང་པར་ཐུགས་ཁུར་གནང་བའི་བསམ་པ་བསྟན་ཞིང་། ཨ་ཧྥུའུ་ཧན་ཕྱོགས་ལ་འཚམས་འདྲི་ཞུས་ནས། ཨ་ཧྥུའུ་ཧན་གྱི་མི་དམངས་ཀྱིས་སྔ་མོ་ནས་དཀའ་ངལ་ཁྱད་དུ་བསད་དེ་ཁྱིམ་གཞིས་བསྐྱར་སྐྲུན་ཐུབ་པར་སྨོན་འདུན་ཞུས།
ཚའེ་ཆི་དང་ཝང་དབྱི་སོགས་གོང་གསལ་བྱེད་སྒོར་ཞུགས། །