རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-08-13   རྩོམ་ཁུངས།    康巴卫视
མཆིན་པའི་བྱེད་ནུས་ཉམས་པ་ནི་མཆིན་པའི་ནང་དུ་ཚིལ་བསགས་པ་དང་འབྲེལ་བ་ཡོད། དེ་ཡང་མཆིན་པ་ཞག་འགག་བྱུང་བ་ལ་རྒྱུ་རྐྱེན་གཙོ་བོ་གཉིས་ཡོད་ཅིང་། གཉིས་པོ་གང་ཡིན་ཞེ་ན། དང་པོ་མངར་སྣུམ་ཐེན་གསུམ༼甘油三酯༽་གསོག་པ་དང་། གཉིས་པ་གཉན་ཚད་ཕོག་པའོ།
དེ་ལས་དང་པོ་མངར་སྣུམ་ཐེན་གསུམ་ནི་ཚིལ་༼སྣུམ༽འགྲུབ་བྱེད་རྫས་བྱེ་བྲག་པ་ཞིག་ཡིན་ཞིང་། རྫས་དེ་ཉིད་འགྲུབ་པ་ལ་འབྱུང་ཁུངས་གསུམ་སྟེ། བཟའ་བཏུང་ནང་ནས་གསར་དུ་སྡུད་ལེན་བྱེད་པ་དང་། ལུས་པོ་རང་སྟོབས་ཀྱིས་འགྲུབ་པ་དང་། མཐར་ལུས་ལ་གསོག་ཉར་བྱེད་པ་བཅས་སོ།
བཟའ་བཏུང་ནང་གི་སྣུམ༼མངར་སྣུམ་ཐེན་གསུམ་༽རྣམས་ཁོག་པར་ཞུ་རྗེས། མཆིན་པ་དང་གསུས་པ། ཡང་ན་པགས་པའི་འོག་ཏུ་བསྐྱལ་ཏེ་གསོག་ཉར་བྱེད་པར་འགྱུར་བས། སྣུམ་མང་པོ་ཟོས་ན་མཆིན་པའི་ཕྲ་ཕུང་རྣམས་ལ་ཚིལ་གསོག་ཏུ་འཇུག་པ་ཡིན།
སྣུམ་དང་སོལ་ཆུ་འདྲེས་རྫས་ཅན་གྱི་ཁ་ཟས་ཟོས་པ་མང་དྲགས་ན། དེ་དག་ལས་ཚ་ཚད་༼heat热量༽མང་པོ་འབྱུང་བ་དང་། ལུས་ལ་བེད་སྤྱོད་གཏོང་མི་དགོས་པའི་ཚ་ཚད་ལྷག་མ་རྣམས་མཆིན་པའི་གནས་སུ་མངར་རྒྱུའི་ངོ་བོ་ལ་འགྱུར་ཞིང་། མངར་རྒྱུའི་མཛོད་ཀྱི་ཁ་གང་བ་དང་རིམ་པ་བཞིན་ཚིལ་གྱི་རྣམ་པར་འགྱུར་བ་ཡིན།
ཚིལ་གྲུབ་པའམ་འདྲེས་སྦྱོར་བྱེད་པའི་རྐྱེན་གཞན་ཞིག་ཆང་བཅུད་ཡིན་ཏེ། ཆང་མང་པོ་བཏུང་ན་མཆིན་པའི་ནང་དུ་ཆོན་ཁ་པ༼乙醛༽གྲུབ་པར་འགྱུར་བ་དང་། ཆོན་ཁ་པས་ཚིལ་གྲུབ་པ་ལ་མཐུན་རྐྱེན་ལེགས་པོ་སྦྱོར་བ་ཡིན།
ང་ཚོས་གྲོད་པ་ལྟོགས་པའི་སྐབས་སུ་ཁ་ཟས་མ་བསྟེན་པ་ཡིན་ཚེ། ལུས་ཡོངས་ཀྱི་ཚིལ་ཕུང་དུ་བསགས་པའི་ཚིལ་རྣམས་གནས་སྤར་ཏེ། ཁྲག་གི་འཁོར་སྐྱོད་བརྒྱུད་ནས་མཆིན་པར་འཛུལ་ཞིང་། མཆིན་པའི་ནང་དུ་ཐོན་པ་དང་ངོ་བོ་འགྱུར་ནས་ཚ་ཚད་དམ་ནུས་ཚད་སྟེར་བའི་རྒྱུ་བྱེད་པ་ཡིན་ནོ།།
སྤྱིར་མཆིན་པའི་ནང་གི་ཚིལ་རྣམས་འགྲོ་འོང་དོ་སྙོམས་ཤིང་གཡོ་བའི་རྣམ་པ་ཅན་ཞིག་ཡིན་པ་དང་། ཚིལ་རྣམས་མཆིན་པ་དང་སོ་སོར་ཁ་འབྲལ་སྐབས་སྟུག་ཚད་དམའ་ཤོས་ཀྱི་ཚིལ་སྤྲི་དཀར་༼低密度脂蛋白༽ཞེས་པའི་རྫས་ཤིག་དགོས་ལ། རྫས་དེ་ནི་སྤྲི་དཀར་རྫས་འདྲེན་པར་བྱེད་པ་ཞིག་ཡིན་པ་དང་། གལ་སྲིད་ལུས་ཀྱིས་ཧ་ཅང་ལྟོགས་སྐོམ་མྱངས་ནས་སྤྲི་དཀར་རྫས་གསར་དུ་གྲུབ་པ་ལ་གནོད་པ་ཐེབས་པར་གྱུར་ན། སྟུག་ཚད་དམའ་ཤོས་ཀྱི་ཚིལ་སྤྲི་དཀར་ཡང་འཛད་པར་འགྱུར་བས། ཚིལ་རྣམས་མཆིན་པ་དང་ཁ་དགར་དཀའ་བ་དང་། འགྲོ་འོང་དོ་མི་མཉམ་པར་གྱུར་ཏེ།མཆིན་པའི་གནས་སུ་ཚིལ་རྣམས་གསོག་ཉར་བྱེད་པ་ཡིན། འོན་ཀྱང་། དེ་ལྟ་བུའི་གནས་ཚུལ་རྒྱུན་དུ་མི་འབྱུང་།
གཉིས་པ། མི་ཞིག་གི་ལུས་ལ་གཉན་ཚད་ཕོག་པར་གྱུར་ན། དེའི་མཆིན་པའི་ཕྲ་ཕུང་ནང་དུ་མངར་སྣུམ་ཐེན་གསུམ་བསགས་པའི་རྐྱེན་ཆེན་པོ་བྱེད་ལ། གཉན་ཚད་ཕོག་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ནི་སྲོག་ཆགས་ལས་བྱུང་བ་དང་སྣུམ་མང་བའི་བཟའ་བཏུང་བསྟེན་ནས་རྒྱུ་མ་རྡོལ་བ་དང་། ལྕགས་རྒྱུ་བླངས་པ་ཚད་ལས་འདའ་བ་དང་། མཆིན་ཚད་ཀྱི་ནད་དུག་ཕོག་པ་དང་། སེམས་ཁམས་ལ་གནོན་ཤུགས་ཆེ་བ་སོགས་ཡིན།
མདོར་ན་སྣུམ་མང་པོ་ཟོས་པ་དང་། ཟས་བཟའ་ཆེས་པ། སྲོག་ཆགས་ཀྱི་འོ་མ་དང་ཤ་རིགས་སོགས་བསྟེན་པ་དང་། ཆང་བཏུང་བ་བཅས་ནི་མཆིན་པའི་ཞག་འགག་འབྱུང་བའི་རྒྱུ་རྐྱེན་གཙོ་བོ་ཡིན་པར་འདུག