པཎ་ཆེན་རིན་པོ་ཆེས་ནག་ཆུར་སྤྱི་ཚོགས་ཀྱི་བརྟག་ཞིབ་གནང་བ་དང་འབྲེལ་ཆོས་ཕྱོགས་ཀྱི་མཛད་སྒོ་སྤེལ་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-07-29   རྩོམ་ཁུངས།    བོད་ལྗོངས་ཉིན་རེའི་ཚགས་པར།

        ཉིན་ཤས་རིང་། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ་དང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་བཅས་ཡིན་པའི་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་ནག་ཆུ་གྲོང་ཁྱེར་ལྷ་རི་རྫོང་དུ་སྤྱི་ཚོགས་ཀྱི་བརྟག་ཞིབ་གནང་བ་དང་འབྲེལ་ཆོས་ཕྱོགས་ཀྱི་མཛད་སྒོ་སྤེལ་ནས། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་སྐུལ་འདེད་བཏང་གནང་བ་རེད། 

         གྲོང་གསེབ་དར་རྒྱས་ཡོང་བ་ནི་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བར་བྱེད་པའི་ལས་འགན་གལ་ཆེན་ཞིག་ཡིན་ཞིང་། ཉེ་བའི་ལོ་ཤས་རིང་། ལྷ་རི་རྫོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་ནན་ཏན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ཞིང་གསུམ”ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་ལག་བསྟར་གཏིང་ཟབ། རང་སྐྱོང་ལྗོངས་ཏང་ཨུད་དང་ནག་ཆུ་གྲོང་ཨུད་ཀྱི་འབྲེལ་ཡོད་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་ཏན། ས་བབ་ཀྱི་བཟང་ཆ་དང་ས་ཁོངས་ཀྱི་ཐོན་ཁུངས་ལེགས་ཆར་གཞི་ཚུགས་པ། གནས་འཕྲོད་ལས་འཚམ་མཛེས་མཐུན་གསུམ་ལྡན་གྱི་གྲོང་གསེབ་འཛུགས་སྐྲུན་ལ་གཞིགས་པ། ཀྲེ་ཅང་གི“ཁྲི་སྟོང་ལས་གྲྭའི”ཉམས་མྱོང་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ་བཅས་བྱས་ནས། གསེར་སྟེང་ཁ་གྲོང་ཚོའི་དཔེ་སྟོན་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་མྱུར་གཏོང་བ་དང་། ལེགས་ལྡན་ཁྱད་ལྡན་གྱི་ཐོན་ལས་སྐྱེད་སྲིང་ཧུར་ཐག་བྱེད་པ། གྲོང་གསེབ་བཅོས་སྐྱོང་གི་བྱ་ཐབས་གསར་པ་གསར་དུ་གཏོད་པ་བཅས་བྱས་ཏེ། གྲོང་སྡེ་མཛེས་པ་དང་། ཐོན་ལས་དར་བ། བཅོས་སྐྱོང་ལེགས་པ། ཡུལ་སྲོལ་མཐུན་པ། མང་ཚོགས་ཕྱུག་པ། མཉམ་སྡེབ་སྟོབས་ལྡན་བཅས་ཀྱི་མཛེས་མཐུན་གྲོང་གསེབ་ནུས་ཤུགས་ཡོད་རྒུས་བཏོད་ཡོད། པཎ་ཆེན་རིན་པོ་ཆེ་ལྷ་རི་རྫོང་ཨར་རྩ་གྲོང་རྡལ་གསེར་སྟེང་ཁ་གྲོང་ཚོར་ཕེབས་ནས་འགྲེམས་པང་ལ་གཟིགས་པ་དང་ཁྱད་ལྡན་ཐོན་རྫས་འགྲེམས་སྟོན་ལ་གཟིགས་སྐོར་གནང་སྟེ། གསེར་སྟེང་ཁ་གྲོང་ཚོ་ས་མཐོའི་མཛེས་མཐུན་གྲོང་གསེབ་ཏུ་གཏོད་པའི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཚང་མར་གྲོང་གསེབ་དར་རྒྱས་ཀྱི་ལས་དོན་ནང་ཧུར་ཐག་ཞུགས་ནས་ཕ་ཡུལ་དེ་བས་མཛེས་སྡུག་ལྡན་པ་ཞིག་འཛུགས་སྐྲུན་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བར་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་པའི་སྐུལ་ལྕག་གནང་བ་རེད། 

        པཎ་ཆེན་རིན་པོ་ཆེ་གསེར་སྟེང་ཁ་གྲོང་ཚོའི་ཡུལ་མི་དཀོན་མཆོག་ཆོས་བཟང་གི་ཁྱིམ་དུ་ཕེབས་ནས་ཁོང་གི་ནང་མི་དང་མཉམ་དུ་ཅི་འཕྲོས་མོལ་འཕྲོས་གནང་སྟེ་འགྱུར་ལྡོག་དང་འཕེལ་རྒྱས་སྐོར་གླེང་གནང་བ་རེད། ས་གནས་དེ་གའི་ཏང་ཨུད་དང་སྲིད་གཞུང་གི་རོགས་རམ་འོག་དཀོན་མཆོག་ཆོས་བཟང་ཁྱིམ་གྱིས་སྒོར་ཁྲི2.1རང་གྲབས་བྱས་ནས2023ལོར་སྨི་ངོས་གྲུ220ཟིན་པའི་ཐོག་སོ་ཉིས་ལྡན་གྱི་བོད་བཟོའི་ཁང་པར་སྤོས་པ་དང་། 2024ལོར་མི་རེར་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་ཁྲི4.62བྱུང་བ་མཁྱེན་རྗེས། པཎ་ཆེན་རིན་པོ་ཆེས་ཁོང་ཚོའི་བདེ་སྐྱིད་ལྡན་པའི་འཚོ་བར་བསྔགས་བརྗོད་གནང་ཞིང་། ཚང་མར་རང་རྟོགས་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ནས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ། བདེ་སྐྱིད་ལྡན་པའི་འཚོ་བ་དེ་བས་ཡག་པོ་སྐྱེལ་དགོས་པའི་སྐུལ་ལྕག་གནང་བ་རེད།

        ནག་ཆུར་བཞུགས་རིང་། པཎ་ཆེན་རིན་པོ་ཆེ་ལྷ་རི་རྫོང་མཚོ་འགོ་དགོན་དང་བེ་གུ་དགོན་དུ་ཕེབས་ནས་ཆོས་ཕྱོགས་ཀྱི་མཛད་སྒོ་སྤེལ་གནང་བ་རེད། དགོན་པ་ཁག་གིས་ཆོས་ལུགས་ཀྱི་གུས་སྲོལ་རྒྱས་ཤོས་ཐོག་ནས་པཎ་ཆེན་རིན་པོ་ཆེར་ཕེབས་བསུ་ཞུས་ཤིང་། པཎ་ཆེན་རིན་པོ་ཆེས་གྲྭ་དམངས་ལ་ཞལ་འདོན་དབུ་སྐུལ་གནང་བ་དང་ཆར་ཆུ་དུས་སུ་འབབ་པ་དང་རྒྱལ་དམངས་བདེ་ལ་འཁོད་པའི་གསོལ་བ་སྨོན་ལམ་བཏབ་གནང་བ་རེད།