《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་བཀོད་པ།མཐུན་སྒྲིལ་འབད་འཐབ་ནི་ཀྲུང་གོ་མི་དམངས་ཀྱིས་ལོ་རྒྱུས་ཀྱི་བྱ་གཞག་རླབས་པོ་ཆེ་གཏོད་པའི་ལྡོག་མེད་ཀྱི་ལམ་བུ་ཞིག་རེད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-07-02   རྩོམ་ཁུངས།    མི་དམངས་ཉིན་རེའི་ཚགས་པར།

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་30ཉིན་གློག་འཕྲིན་འབྱོར་གསལ། ཟླ་7ཚེས་1ཉིན་དཔེ་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས་13པའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན《མཐུན་སྒྲིལ་འབད་འཐབ་ནི་ཀྲུང་གོ་མི་དམངས་ཀྱིས་ལོ་རྒྱུས་ཀྱི་བྱ་གཞག་རླབས་པོ་ཆེ་གཏོད་པའི་ལྡོག་མེད་ཀྱི་ལམ་བུ་ཞིག་རེད》ཅེས་པ་བཀོད་ཡོད། དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་2016ལོའི་ཟླ་10པ་ནས་2025ལོའི་ཟླ་4པའི་བར་གནང་བའི་འབྲེལ་ཡོད་རྣམ་བཤད་གལ་ཆེན་ནས་དྲངས་པ་ཞིག་རེད།

    རྩོམ་ཡིག་ནང་ནན་བཤད་གནང་དོན། སྟོབས་ཤུགས་ནི་མཐུན་སྒྲིལ་ལས་བྱུང་བ་དང་བདེ་སྐྱིད་ནི་འབད་འཐབ་ལས་བྱུང་བ་ཞིག་རེད། མཐུན་སྒྲིལ་འབད་འཐབ་བྱེད་ཐུབ་མཁན་མི་རིགས་ལ་མདུན་ལམ་ལྡན་པ་དང་། མཐུན་སྒྲིལ་འབད་འཐབ་བྱེད་ཐུབ་མཁན་སྲིད་ཏང་ཕམ་མི་སྲིད། ཀྲུང་གོ་མི་དམངས་ནི་མཐུན་སྒྲིལ་གྱི་སྙིང་སྟོབས་རླབས་པོ་ཆེ་དང་འབད་འཐབ་ཀྱི་སྙིང་སྟོབས་རླབས་པོ་ཆེ་ལྡན་པའི་མི་དམངས་ཤིག་རེད། ཏང་དང་མི་དམངས་ལ་ཐོབ་པའི་གྲུབ་འབྲས་མཐའ་དག་ནི་མཐུན་སྒྲིལ་འབད་འཐབ་བྱས་པ་ལས་བྱུང་བའི་འབྲས་བུ་ཞིག་ཡིན་པ་དང་མཐུན་སྒྲིལ་འབད་འཐབ་ནི་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་མི་དམངས་ཀྱི་མངོན་གསལ་དོད་ཤོས་ཀྱི་བསམ་པའི་མཚོན་རྟགས་ཤིག་རེད།

    རྩོམ་ཡིག་ནང་བསྟན་དོན། འབད་འཐབ་དམིགས་ཚད་ཁ་གསལ་བཟོས་པ་ལས་བྱུང་བའི་མཐུན་སྒྲིལ་ནི་མཐུན་སྒྲིལ་ཟབ་ཤོས་ཤིག་ཡིན་པ་དང་། མཐུན་སྒྲིལ་དམ་ཟབ་ལ་བརྟེན་ནས་བྱུང་བའི་འབད་འཐབ་ནི་ནུས་པ་ལྡན་ཤོས་ཀྱི་འབད་འཐབ་ཅིག་རེད། རྒྱང་ལམ་གསར་པར་ང་ཚོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་སྔར་བས་སེམས་ཤུགས་གཅིག་སྒྲིལ་དང་མཐུན་སྒྲིལ་འབད་འཐབ་བྱེད་དགོས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་མི་དམངས་ཡོངས་ཀྱི་ཐུན་མོང་གི་བྱ་གཞག་ཅིག་རེད་ལ། ཉེན་ཁ་དང་འགྲན་སློང་གིས་ཁེངས་པ་དང་དཀའ་སྤྱད་འབད་བརྩོན་བྱེད་དགོས་པའི་བརྗིད་ཆེའི་བྱ་གཞག་ཅིག་ཀྱང་ཡིན་པས། ངེས་པར་དུ་མི་དམངས་ཡོངས་ཐུན་མོང་ཐོག་ཞུགས་པ་དང་། ཐུན་མོང་ཐོག་འཛུགས་སྐྲུན་བྱེད་པ། ཐུན་མོང་ཐོག་ལོངས་སྤྱོད་བྱེད་པ་བཅས་མཐའ་འཁྱོངས་བྱས་ཏེ་མི་དམངས་ཡོངས་ཀྱིས་ཕྱར་བ་གྲུ་འདེགས་དང་དོན་ཆེན་མཉམ་སྒྲུབ་བྱེད་པར་དམ་པོར་བརྟེན་དགོས། ངེས་པར་དུ་ཀྲུང་ཧྭའི་བུ་ཕྲུག་གི་མཐུན་སྒྲིལ་ཆེན་པོར་ཤུགས་སྣོན་བརྒྱབ་སྟེ་ཆེས་རྒྱ་ཆེའི་འཐབ་ཕྱོགས་གཅིག་གྱུར་རྒྱུན་ཆད་མེད་པར་སྲ་བརྟན་དང་འཕེལ་རྒྱས་གཏོང་བ་དང་མཐུན་སྒྲིལ་བྱེད་ཐུབ་པའི་སྟོབས་ཤུགས་མཐའ་དག་མཐུན་སྒྲིལ་དང་སྐུལ་སློང་བྱེད་ཐུབ་པའི་མཐུན་རྐྱེན་མཐའ་དག་སྐུལ་སློང་བྱས་ཏེ། ཐུན་མོང་ཐོག་འབད་འཐབ་བྱེད་པའི་སྟོབས་ཤུགས་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་གཅིག་ཏུ་སྒྲིལ་དགོས།

    རྩོམ་ཡིག་ནང་བསྟན་དོན། བདེ་སྐྱིད་ནི་འབད་འཐབ་ལས་བྱུང་བ་དང་། འབད་འཐབ་འདི་ཉིད་ཀྱང་བདེ་སྐྱིད་ཅིག་རེད། མི་རིགས་བསྐྱར་དར་གྱི་འགན་འཁྲི་ནི་འབད་འཐབ་ལ་བརྟེན་ནས་མངོན་འགྱུར་བྱེད་དགོས་པ་དང་། མི་ཚེའི་ཕུགས་བསམ་གྱི་གྲུ་གཡོར་དེ་འབད་འཐབ་ལ་བརྟེན་ནས་བསྒྲེངས་དགོས། འབད་འཐབ་ནི་དཀའ་ཚེགས་དང་། ཡུན་རིང་། ཀྱག་ཀྱོག་བཅས་ཡིན་པས། ངེས་པར་དུ་དེ་བས་དཀའ་ཚེགས་ཆེ་བའི་འབད་བརྩོན་བྱ་རྒྱུའི་གྲ་སྒྲིག་བྱེད་དགོས། རང་རྒྱལ་འདི་ཉིད་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་འགག་རྩའི་དུས་སྐབས་སུ་གནས་པ་དང་། སྒྱུར་བཅོས་དང་འཕེལ་རྒྱས་ནི་འགག་སྒྲོལ་དཀའ་སེལ་གྱི་དུས་མཚམས་གལ་ཆེན་དུ་གནས་ཡོད། མདུན་སྐྱོད་ཀྱི་ལམ་བུར་ང་ཚོར་འཐབ་རྩོད་གལ་ཆེན་ཧ་ཅང་མི་ཉུང་བ་ཞིག་འཕྲད་སྲིད། སྐོར་སྐྱིལ་དང་། བཀག་སྡོམ། བཙན་གནོན་བཅས་ཀྱི་མདུན་དུ་ང་ཚོས་ངེས་པར་དུ་བདེན་ཡོད་ཞུམ་མེད་ཀྱིས་འཐབ་རྩོད་བྱེད་དགོས། ངེས་པར་དུ་འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། འཐབ་རྩོད་ཀྱི་ཁ་ཕྱོགས་སྟངས་འཛིན་བྱེད་པ། འཐབ་རྩོད་ཀྱི་ཆོས་ཉིད་ཁོང་དུ་ཆུད་པ། འཐབ་རྩོད་ཀྱི་ནུས་པ་ཆེ་རུ་གཏོང་བ། འགྲན་སློང་གལ་ཆེན་ལ་ཁ་གཏད་ནུས་ལྡན་གཅོག་པ། ཉེན་ཁ་ཆེན་པོ་འགོག་པ། འགོག་རྐྱེན་ཆེན་པོ་སེལ་བ། འགལ་བ་གལ་ཆེན་ཐག་གཅོད་བཅས་བྱས་ཏེ་དུས་རབས་གསར་པའི་འཐབ་རྩོད་རླབས་པོ་ཆེར་རྒྱལ་ཁ་གསར་པ་རྒྱུན་ཆད་མེད་པར་ལེན་དགོས།

    རྩོམ་ཡིག་ནང་བསྟན་དོན། མཐུན་སྒྲིལ་འབད་འཐབ་ནི་ཏང་གིས་མི་དམངས་ལ་འགོ་ཁྲིད་དེ་ལོ་རྒྱུས་ཀྱི་བྱ་གཞག་རླབས་པོ་ཆེ་གཏོད་པའི་ལྡོག་མེད་ཀྱི་ལམ་བུ་ཞིག་རེད། ང་ཚོས་མཐུན་སྒྲིལ་འབད་འཐབ་ལ་བརྟེན་ནས་འོད་སྟོང་འཕྲོ་བའི་ལོ་རྒྱུས་བཏོད་ལ། ད་དུང་མཐུན་སྒྲིལ་འབད་འཐབ་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཡང་གཏོད་དགོས། ཏང་གི་འགོ་ཁྲིད་འོག་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་། དམངས་སེམས་གཅིག་མཐུན། འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་བྱེད་མཁས་པ་བཅས་བྱས་ཚེ། ང་ཚོས་མདུན་སྐྱོད་ཀྱི་ལམ་བུའི་ཐོག་གི་དཀའ་ངལ་དང་འགྲན་སློང་མཐའ་དག་ལས་རྣམ་པར་རྒྱལ་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེ་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་སྐུལ་འདེད་གཏོང་ཐུབ་ངེས་རེད།