རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-07-02   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
ཟླ་7པའི་ཚེས་1ཉིན་གྱི་ཕྱི་དྲོར། ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དགའ་ལྡན་སུམ་རྩེན་གླིང་དུ་བརྟག་ཞིབ་གནང་བར་ཕེབས་པ་དང་ཆོས་ལུགས་ལས་རིགས་ཀྱི་འཐུས་མི་དང་བཞུགས་མོལ་གནང་བ། ཁོང་གིས་ནན་བཤད་གནང་དོན། ཆོས་ལུགས་ལས་རིགས་ཀྱི་འཐུས་མིས་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས་དང་། ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་པར་སྐུལ་འདེད་གཏོང་བའི་ལག་ལེན་ཁྲོད་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། བོད་བརྒྱུད་ནང་བསྟན་སྐྱོན་བྲལ་ངང་རྒྱུན་འཛིན་བྱེད་པར་སྐུལ་འདེད་གཏོང་བ་དང་། བདེ་ཆེན་གྱི་འཆམ་མཐུན་བརྟན་ལྷིང་སྲུང་སྐྱོང་དང་དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས།
ལུའོ་ཁྲའོ་ཧྥེང་དང་བཅས་པས་སྔ་རྗེས་སུ་སུམ་རྩེན་གླིང་གི་ཁམས་ཚན་བརྒྱད་དང་དགེ་འདུན་པ་ཁག་གཅིག་གི་གྲྭ་ཤག་ལ་འཚམས་འདྲི་གནང་བ་དང་ས་གནས་ས་ཐོག་ཏུ་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱི་དོ་དམ་དང་དགེ་འདུན་པའི་སློབ་སྦྱོང་དང་འཚོ་བའི་གནས་ཚུལ་བཅས་ལ་མཁྱེན་རྟོགས་གནང་། དེ་རྗེས། ལུའོ་ཁྲའོ་ཧྥེང་གིས་སུམ་རྩེན་གླིང་གི་སྤྲུལ་སྐུ་ཁ་གསར·ཆོས་ཀྱི་རྒྱལ་མཚན་དང་གསར་དུ་བདམས་ཐོན་བྱུང་བའི་མཁན་པོ་བློ་བཟང་ཤེས་རབ་སོགས་ཆོས་ལུགས་ལས་རིགས་ཀྱི་འཐུས་མི་དང་བཞུགས་མོལ་སྤེལ་རེས་གནང་བ།
བཞུགས་མོལ་ཚོགས་འདུའི་ཐོག་སུམ་རྩེན་གླིང་གིས་དུས་ཡུན་རིང་དུ་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་དང་། མི་རིགས་མཐུན་སྒྲིལ་སྲུང་སྐྱོང་། སྤྱི་ཚོགས་འཆམ་མཐུན་བརྟན་ལྷིང་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་ལེགས་སྐྱེས་ཕུལ་བར་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་སུམ་རྩེན་གླིང་གི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ཆོས་ལུགས་ལས་རིགས་ཀྱི་འཐུས་མི་དང་ལྷག་པར་དུ་དགོན་པའི་དམངས་གཙོའི་དོ་དམ་ཨུ་ལྷན་གྱི་ཁོངས་མི་དང་། སྤྲུལ་སྐུ། མཁན་པོ་སོགས་“འགག་རྩའི་ཉུང་ཤས”ལ་ཐུགས་རེ་ཟབ་མོ་དང་ཞིབ་ཕྲའི་བླང་བྱ་བཏོན་པ།
ལུའོ་ཁྲའོ་ཧྥེང་གིས་ཆོས་ལུགས་ལས་རིགས་ཀྱི་འཐུས་མིས་འགན་འཁྲི་གལ་ཆེན་དང་གཟི་བརྗིད་ལྡན་པའི་འགན་འཁྲི་འཁུར་ཡོད་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི་ཆབ་སྲིད་ཐད་བློས་འཁེལ་བ། ཆོས་ཞུགས་ཐད་ཐོས་བསམ་ཟབ་པ། སྤྱོད་ལམ་ཐད་དམངས་མགུ་བ། འགག་རྩའི་དུས་ནུས་པ་ཐོན་པའི་“ཚད་གཞི་ཁག་བཞི”ལག་བསྟར་བྱེད་པ་དང་ཤེས་ཡོན་བློ་སྦྱོང་ལ་ཟམ་མི་ཆད་པར་ཤུགས་སྣོན་རྒྱག་པ་དང་། “འདུ་ཤེས་བཞི”བརྟན་པོར་བཙུགས་ཏེ་སྤྱོད་བཟང་བརྟེན་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་ཁ་ཞེ་གཉིས་མེད་བྱས་ཏེ་དགེ་འདུན་པ་དང་མང་ཚོགས་ཀྱི་ཁས་ལེན་དང་བསྔགས་བརྗོད་ཐོབ་ནས་ཁུལ་ཡོངས་ཀྱི་རྒྱ་ཆེའི་དགེ་འདུན་པར་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་དགོས་པའི་ནན་བཤད་གནང་།
ལུའོ་ཁྲའོ་ཧྥེང་གིས་བོད་བརྒྱུད་ནང་བསྟན་སྐྱོན་བྲལ་ངང་རྒྱུན་འཛིན་དང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བར་རང་ཡུལ་ཅན་དང་། དུས་རབས་ཅན། མང་ཚོགས་ཅན་དུ་འགྱུར་བ་བཅས་ཀྱི་ཁ་ཕྱོགས་ངེས་པར་དུ་མཐའ་འཁྱོངས་བྱེད་དགོས་ཞེས་བསྟན། ཁོང་གིས་བོད་བརྒྱུད་ནང་བསྟན་དེ་ཀྲུང་ཧྭའི་རིག་གནས་ལ་བརྟེན་པ་དང་དུས་རབས་འཕེལ་རྒྱས་དང་བསམ་སྤྱོད་གཅིག་མཐུན་བྱུང་བར་བྱས་ནས་དཔལ་འབར་བ་ཞིག་ཡོང་ཐུབ། སུམ་རྩེན་གླིང་དེ་ཁུལ་ཡོངས་བོད་བརྒྱུད་ནང་བསྟན་གྱི་མཚོན་བྱེད་རང་བཞིན་གྱི་དགོན་པ་ཞིག་ཡིན་པའི་ཆ་ནས་ཐོག་མཐའ་བར་གསུམ་དུ་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་ལྡན་པ་དང་། སུམ་རྩེན་གླིང་དོ་དམ་ཅུས་དང་། དགོན་པའི་དམངས་གཙོའི་དོ་དམ་ཨུ་ལྷན། སྤྲུལ་སྐུ། མཁན་པོ་སོགས་མཐུན་སྒྲིལ་མཉམ་ལས་བྱས་ཏེ། ཐུན་མོང་ཐོག་སྲོལ་རྒྱུན་བཟང་པོ་དེ་རྒྱུན་འཛིན་ཡག་པོ་དང་དར་སྤེལ་ཡག་པོ་གཏོང་བ་དང་། ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་པར་ཁྲིད་སྟོན་ཧུར་ཐག་བྱེད་པ། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་མཐའ་འཁྱོངས། དད་ལྡན་མང་ཚོགས་ལ་ཞབས་འདེགས་ཞུ་བ། ས་གནས་ཀྱི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་བཅས་བྱས་ནས་བདེ་ཆེན་གྱི་འཆམ་མཐུན་བརྟན་ལྷིང་ལ་ལེགས་སྐྱེས་ཧུར་ཐག་འབུལ་དགོས་པའི་ནན་བཤད་གནང་།
ལུའོ་ཁྲའོ་ཧྥེང་གིས་བླང་བྱ་བཏོན་དོན། སུམ་རྩེན་གླིང་དོ་དམ་ཅུས་སོགས་སྡེ་ཚན་གྱིས་ཆོས་ལུགས་ལས་དོན་གྱི་དོ་དམ་ཞིབ་ཚགས་ཅན་གྱི་ཆུ་ཚད་མུ་མཐུད་མཐོ་རུ་བཏང་ནས་དྲ་མིག་ཅན་གྱི་དོ་དམ་སོགས་ཀྱི་ལམ་ལུགས་ཁག་དོན་འཁྱོལ་ཡག་པོ་བྱེད་དགོས་པ། རང་འགུལ་ངང་དགེ་འདུན་པའི་ཁྱིམ་ཚང་དུ་བསྐྱོད་དེ་རྒྱུན་གཏན་གྱི་འཚམས་འདྲིར་སྐྱོད་པ་དང་སྙིང་གཏམ་ཤོད་རེས་བྱས་ཏེ་སེམས་ཁུར་དང་གཅེས་སྐྱོང་དོན་ཐོག་ཏུ་འཁྱོལ་བ་བྱས་ནས་ཞབས་ཞུ་དོ་དམ་དོན་ཐོག་ཏུ་འཁྱོལ་རྒྱུ་འགན་ལེན་བྱེད་དགོས།
ཁུལ་གྱི་འགོ་ཁྲིད་ལིའོ་ཝུན་ཚའེ་དང་། ཁྲེན་ཆུན། ཧོང་ལུང་ཤིན་བཅས་བརྟག་ཞིབ་ནང་ཞུགས།