རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-07-02   རྩོམ་ཁུངས།    青海藏文科技报
2025ལོའི་ཟླ6པའི་ཚེས23ནས29ཉིན་བར་ནི་རྒྱལ་ཡོངས་ནུས་ཁུངས་གྲོན་ཆུང་དྲིལ་སྒྲོག་གཟའ་འཁོར་ཡིན་ལ། བྱ་འགུལ་གྱི་བརྗོད་དོན་གཙོ་བོ་ནི“ནུས་ཁུངས་གྲོན་ཆུང་དང་ནུས་ཕྱོད་མཐོར་འདེགས། 'གསར'སྒྱུར་སྣེ་ཁྲིད”ཅེས་པ་ཡིན།
ནུས་ཁུངས་གྲོན་ཆུང་ནི་ཚད་ཡོད་པའི་ཐོན་ཁུངས་ལ་གཅེས་སྤྲས་བྱེད་པ་ཡིན་ལ། སའི་གོ་ལའི་ཁྱིམ་གཞིས་སྲུང་སྐྱོབ་བྱེད་པའི་དམ་ཚིག་ཀྱང་ཡིན། ནུས་ཁུངས་ལ་ཚད་ཡོད་ཀྱང་། ནུས་ཁུངས་གྲོན་ཆུང་ལ་ཚད་མེད། ནུས་ཁུངས་གྲོན་ཆུང་ལག་བསྟར་དོན་འཁྱོལ་བྱས་ཏེ། ལྗང་མདོག་ཁྱིམ་གཞིས་མཉམ་སྐྲུན་བྱ་ཆེད། ང་ཚོས་ཤེས་བྱ་ཕྲན་བུ་འདི་དག་སློབ་པར་བྱ།
1.ཐཱན་ཉུང་གཞུང་སྒྲུབ། དྲ་བའི་ཆ་འཕྲིན་སྟེགས་བུ་བེད་སྤྱོད་གང་ལེགས་བྱས་ཏེ། རིམ་བཞིན་ཤོག་བུ་མེད་པའི་གཞུང་སྒྲུབ་བྱེད་སྟངས་ལག་བསྟར་བྱེད་པ། ནང་ཁུལ་གྱི་གཞུང་སྒྲུབ་སྐབས་སུ་དཔར་རྒྱག་དང་སྐྱར་དཔར་གང་ཡིན་ཡང་ཤོག་བུའི་ངོས་གཉིས་ཀར་དཔར་ཏེ། ཤོག་བུ་འཕྲོ་བརླག་གཏོང་ཚད་ཇེ་ཉུང་དུ་གཏོང་བ། ནུས་གྲོན་གློག་སྒྲོན་སྤྱོད་པ་དང་ཉི་འོད་ལེགས་པའི་དུས་སུ་འོད་འཕྲོའི་གློག་ཁུངས་གཏན་པ། ལས་གནས་དང་ཁ་འབྲལ་སྐབས་གློག་སྒོ་གཏན་རྒྱུ་མི་བརྗེད་པ། བར་ཁྱམས་དང་སྒོ་ཁྱམས། སྒོ་ར། གསང་སྤྱོད་ཁང་སོགས་སྤྱི་པའི་ཡུལ་ཁོངས་སུ་སྒྲར་བརྟེན་ཚོད་འཛིན་དང་འོད་བརྟེན་ཚོད་འཛིན། སྐབས་བསྟུན་ཚོད་འཛིན་སོགས་རང་འགུལ་ཚོད་འཛིན་གློག་སྒྲོན་སྤྱོད་པ།
2.ཐཱན་ཉུང་ཕྱིར་སྐྱོད། ལས་ཚོགས་ལ་འགྲོ་སྐབས་དང་ལས་ཚོགས་གྲོལ་ནས་ཕྱིར་ལོག་སྐབས་སོགས་སུ་ནུས་ཚོད་ཀྱིས་སྤྱི་པའི་འགྲིམ་འགྲུལ་ཡོ་བྱད་ལ་འདུག་པའམ་རྐང་ཐང་ལ་འགྲོ་བ་སོགས་ལྗང་མདོག་ཁོར་སྲུང་གི་བྱེད་ཐབས་སྤྱོད་པ། ཐཱན་ཉུང་ཉིན་མོར་ཚང་མས་ནུས་ཁུངས་དཀོན་པའི་འཚོ་བ་ཉམས་སུ་མྱངས་ཏེ། དྲོད་སྙོམ་ཆས་སྤྱོད་མཚམས་འཇོག་པ་དང་རླངས་འཁོར་སྐོར་མཚམས་འཇོག་པ། སྤྱི་པའི་ཡུལ་ཁོངས་ཀྱི་གློག་གཟིམ་པ། གློག་སྐས་སྤྱོད་ཚད་ཇེ་ཉུང་དུ་གཏོང་བ་སོགས་བྱེད་པར་འབོད་སྐུལ་གཏོང་བ། ཧུར་ཐག་གིས“135”ཕྱིར་སྐྱོད་ཇུས་གཞི(སྤྱི་ལེ1ལ་རྐང་ཐང་དུ་འགྲོ་བ། སྤྱི་ལེ3ལ་ལྕགས་རྟ་ཞོན་པ། སྤྱི་ལེ5ལ་སྤྱི་པའི་འགྲིམ་འགྲུལ་ཡོ་བྱད་དུ་འདུག་པ)ལག་བསྟར་བྱེད་པ།
3.ཐོག་བརྩེགས་དམའ་སའི་མི་རྣམས་ཐེམ་སྐས་ལ་འཛེགས་ན། གྲོན་ཆུང་ཐུབ་ལ་ལུས་སྦྱོང་ཡང་བྱེད་ཐུབ། ཐོག་བརྩེགས་ཅུང་དམའ་སར་སྡོད་པའི་མི་རྣམས་ཡར་མར་ལ་འགྲོ་དུས་ཐེམ་སྐས་བརྒྱུད་ནས་འགྲོ་བ་དང་། གློག་སྐས་མང་པོ་ཡོད་སྐབས་གློག་སྐས་གཅིག་མ་གཏོགས་མི་གནོན་པ། ངལ་གསོའི་སྐབས་སུ་གློག་སྐས་ཁ་ཤས་མ་གཏོགས་སྒོ་གཏན་པ། གློག་སྐས་རེ་ལས་ལོ་རེར་གློག་ཏུའུ5000རེ་གྲོན་ཆུང་བྱས་ན་དབྱང་གཉིས་ཐཱན་རྫས་ཕྱིར་འབུད་ཚད་ཏུན4.8ཇེ་ཉུང་དུ་བཏང་བ་དང་མཚུངས།
4.དྲོད་སྙོམ་ཆས་ཀྱི་དྲོད་ཚད་ཞིབ་ཚགས་ངང་སྙོམ་སྒྲིག་བྱེད་པ། དྲོད་སྙོམ་ཆས་སྤྱོད་སྐབས། དབྱར་ཁར26℃ནས28℃བར་དུ་བྱེད་པ་དང་། དགུན་ཁར16℃ནས18℃བར་དུ་བྱེད་པ། གྲང་བཟོའི་རྣམ་པའི་ཁང་བའི་དྲོད་ཚད1℃ཇེ་མཐོ་རུ་གཏོང་བའམ་ཚ་བཟོའི་རྣམ་པའི་ཁང་བའི་དྲོད་ཚད2℃ཇེ་དམའ་རུ་གཏོང་བ་གང་ཡིན་ཡང་། གཉིས་ཀས་གློག་གྲོན་ཆུང་བྱེད་ཚད10%ཡན་ཡིན།
5.ཆུ་གྲོན་ཆུང་གི་གོམས་གཤིས་ཆགས་སུ་འཇུག་པ། ལག་པ་འཁྲུད་པ་དང་ལུས་པོ་འཁྲུད་པ། འདག་རྫས་བཀོལ་བ་སོགས་ཀྱི་བར་གླགས་ནས་དུས་ལྟར་ཆུ་སྒོ་གཏན་ཏེ། ཆུ་གང་འདོད་ངང་བཞུར་དུ་མི་འཇུག་པ། ནུས་ཚོད་སྒོས་ཆུ་གཅིག་ཐེངས་མང་པོར་སྤྱོད་པ་དང་ཡང་དང་བསྐྱར་དུ་སྤྱོད་པ་སྟེ། དཔེར་ན་འབྲས་འཁྲུད་བྱེད་ཀྱི་ཆུ་མེ་ཏོག་ལ་གཏོར་བ་སོགས་ལྟ་བུ།
6.རང་ཁྱིམ་དུ་གློག་དུས་ལྟར་གཟིམ་པ། རང་ཁྱིམ་དུ་ཡོད་དུས་འགྲོ་ཞོར་འདུག་ཞོར་ལ་གློག་གཟིམ་པའི་གོམས་གཤིས་ལེགས་པོ་ཆགས་སུ་འཇུག་པ། ཁྱིམ་ཚང་རེ་ཡིས་ལོ་རེར་གློག་ཏུའུ4.9རེ་གྲོན་ཆུང་བྱས་ཚེ། དབྱང་གཉིས་ཐཱན་རྫས་ཕྱིར་འབུད་ཚད་སྟོང་ཁེ4.7ཙམ་ཇེ་ཉུང་དུ་བཏང་བ་དང་མཚུངས།