རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-06-30   རྩོམ་ཁུངས།    མི་དམངས་ཉིན་རེའི་ཚགས་པར།
འདི་ག་ཚགས་པར་ཁང་དུ་གྲོང་ཁྱེར་མ་ཏེ་རི་ནས་ཟླ་6ཚེས་27ཉིན་གློག་འཕྲིན་འབྱོར་གསལ། ཚེས་26ཉིན《ཞི་ཅིན་ཕིང་གི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་སྲུང་སྐོར་གྱི་རྣམ་བཤད་གནད་བསྡུས》ཀྱི་ཀློག་པ་པོའི་ཐུག་འཕྲད་ཚོགས་འདུ་ཐུགས་གྲ་ལེགས་འགྲིག་ངང་འཚོགས་ཤིང་། ཀྲུང་གོ་དང་སི་ཕེན་གྱི་སྐུ་མགྲོན་བརྒྱ་ལྷག་ཙམ་ཐུག་འཕྲད་ཚོགས་འདུར་ཞུགས་ནས་ཀྲུའུ་ཞི་ཞི་ཅིན་ཕིང་གི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་སྲུང་སྐོར་གྱི་རྣམ་བཤད་གལ་ཆེན་ལ་དམིགས་ནས་ཀྲུང་གོ་དང་འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དོན་སྙིང་གལ་ཆེན་ལ་གྲོས་བསྡུར་འཁྲུག་པོ་བྱས་པ་རེད།
སི་ཕེན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཡའོ་ཅིན་གྱིས་ཐུག་འཕྲད་ཚོགས་འདུའི་ཐོག་ཀྲུའུ་ཞི་ཞི་ཅིན་ཕིང་གི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་སྲུང་སྐོར་གྱི་རྣམ་བཤད་གལ་ཆེན་ཐོག་ནས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོང་དང་དེར་སྐུལ་འདེད་གཏོང་བའི་ཀྲུང་གོ་གུང་ཁྲན་ཏང་གི་ཆོད་སེམས་བརྟན་པོ་མཚོན་ལ། ཀྲུང་གོས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བའི་ཐད་འབད་བརྩོན་ལྷོད་མེད་བྱས་པའང་མཚོན་གྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་འདྲ་མཉམ་དང་ཕན་ཚུན་བརྩི་འཇོག་བྱས་པའི་རྨང་གཞིའི་ཐོག་ཕྱོགས་ཁག་དང་འགྲོ་བ་མིའི་ཐོབ་ཐང་ཁྱབ་ཁོངས་ཀྱི་སྤེལ་རེས་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། ཕན་ཚུན་དཔྱད་གཞིར་འཛིན་པ། ཐུན་མོང་ཡར་ཐོན་ཡོང་བ་བཅས་བྱས་ཏེ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་ཆེད་ལེགས་སྐྱེས་འབུལ་འདོད་ཡོད་ཅེས་གསུངས་པ་རེད།
སི་ཕེན་གུང་ཁྲན་ཏང་གི་ཀྲུའུ་ཞི་སེན་ཐེ་ལི་ཡཱ་ཡིས་འཕེལ་རྒྱས་དབང་ཆ་དང་དབུལ་ཕོངས་སེལ་བ་དང་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་སོགས་ཀྱི་ཐད་ནས་ཀྲུའུ་ཞི་ཞི་ཅིན་ཕིང་གི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་སྲུང་སྐོར་གྱི་རྣམ་བཤད་གལ་ཆེན་ཇི་ལྟར་བྱས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་ལག་ལེན་ནང་མཉམ་འདྲེས་བྱ་རྒྱུའི་སྐོར་རྒྱས་བཤད་གནང་བ་རེད།
སི་ཕེན་གྱི་ཀྲེ་ཧྭ་སློབ་ཁང་ཐེབས་རྩ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་མོང་ཐོ་ལུའོ་ཡིས《ཞི་ཅིན་ཕིང་གི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་སྲུང་སྐོར་གྱི་རྣམ་བཤད་གནད་བསྡུས》ལས་ཕྱི་ཕྱོགས་ཀྱིས་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་འཛིན་པའི་ཕྱོགས་ལྷུང་དང་གོ་འཛོལ་མང་པོ་ཞིག་བསལ་ནས་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་གི་ལྟ་བ་ཤེས་རྟོགས་བྱེད་པའི་སྐར་ཁུང་གལ་ཆེན་ཞིག་རེད།
རྣམ་བཤད་གནད་བསྡུས་དེ་བརྒྱུད་ཀློག་པ་པོ་ཚོས་སེམས་པ་ཞི་ལྷོད་དང་གཟབ་ནན་གྱི་རྣམ་འགྱུར་ཐོག་ནས་འགྲོ་བ་མིའི་ཐོབ་ཐང་ཁྱབ་ཁོངས་ཀྱི་ཀྲུང་གོའི་འདུ་ཤེས་དང་ལག་ལེན་ལ་དབྱེ་ཞིབ་དང་ཞིབ་དཔྱད་གཏིང་ཟབ་བྱེད་ཐུབ་པའི་ངོས་འཛིན་བྱས་པ་རེད།
ཀྲུང་གོ་དང་ཡོ་རོབ་ཀྱི་དར་གོས་ལམ་བུའི་ཞིབ་འཇུག་ལྟེ་གནས་གསར་པའི་ལས་འཛིན་པེ་ཨེར་ས་ཡིས་མི་སྒེར་གྱི་བདེ་སྐྱིད་ཡིན་ནའང་འདྲ། ཡང་ན་སྤྱི་ཚོགས་ཚོགས་པ་དང་ཐ་ན་རྒྱལ་ཁབ་ཧྲིལ་པོའི་མི་དམངས་ཀྱི་བདེ་སྐྱིད་གང་ཞིག་ཡིན་རུང་ཚང་མ་རྒྱལ་ཁབ་ཀྱི་འཐབ་ཇུས་འཕེལ་རྒྱས་དང་འབྲེལ་བ་དམ་ཟབ་ཡོད། 《ཞི་ཅིན་ཕིང་གི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་སྲུང་སྐོར་གྱི་རྣམ་བཤད་གནད་བསྡུས》པར་སྐྲུན་འགྲེམས་སྤེལ་བྱས་པ་དེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་སྲུང་སྐོར་གྱི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་གཏིང་ཟབ་བྱེད་པའི་གོ་སྐབས་ཤིག་ཏུ་གྱུར་ནས། ཡོ་རོབ་རྒྱལ་ཁབ་དང་ཀྲུང་གོའི་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། རྒྱུས་མངའ་ཟབ་ཏུ་གཏོང་བ། ཕན་ཚུན་ཡིད་ཆེས་ཟབ་གཏོང་། ཕན་ཚུན་བརྩི་འཇོག་དང་མཛའ་གྲོགས་འགྲོ་འོང་བཅས་ལ་སྐུལ་འདེད་གཏོང་ངེས་ཞེས་བརྗོད་པ་རེད།
སི་ཕེན་གྱི་མར་ཁེ་སི་རིང་ལུགས་ཞིབ་འཇུག་ཐེབས་རྩ་ལྷན་ཚོགས་ཀྱི་ཀྲུའུ་རེན་སང་ཆེ་སིས། འདས་ཟིན་པའི་ལོ་བཅུ་ཕྲག་ཁ་ཤས་ནང་ཀྲུང་གོས་བསྐྱོད་པའི་འཕེལ་རྒྱས་ལམ་བུ་དང་དུས་རབས་21པའི་གོ་ལ་ཧྲིལ་པོའི་གནས་སྟངས་ཁྲོད་ཉིན་བཞིན་མངོན་གསལ་ཇེ་དོད་དུ་འགྲོ་བའི་ཤུགས་རྐྱེན་དེར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཞིབ་འཇུག་གཏིང་ཟབ་དང་བསམ་གཞིག་ནན་པོ་བྱེད་རིན་ཡོད་ཅེས་བརྗོད་པ་རེད། ཁོང་གིས《ཞི་ཅིན་ཕིང་གི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་སྲུང་སྐོར་གྱི་རྣམ་བཤད་གནད་བསྡུས》པར་སྐྲུན་བྱས་པ་དེས་ཀྲུང་གོ་དང་ཡོ་རོབ་དབར་འགྲོ་བ་མིའི་ཐོབ་ཐང་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་ལ་ལས་སྟེགས་གསར་པ་ཞིག་བསྐྲུན་པའི་ངོས་འཛིན་བྱེད་ཀྱི་ཡོད།
སི་ཕེན་གྱི་གཞོན་ནུ་ལོ་ཙཱ་བ་པུའུ་ལ་ཝོ་ཡིས་མི་སུ་ཞིག་གིས་ཀྲུང་གོར་དངོས་སུ་རྒྱུས་མངའ་ལོན་པ་ན། ཀྲུང་གོ་འདི་ཉིད་ལོ་རྒྱུས་ཡུན་རིང་ལྡན་པ་དང་སྤྱི་ཚོགས་ལམ་ལུགས་ནུབ་ཕྱོགས་དང་གཏན་ནས་མི་འདྲ་བའི་རྒྱལ་ཁབ་ཅིག་ཡིན་པ་ཤེས་ཐུབ། ཀྲུང་གོར་རང་ཉིད་དང་འཚམ་པའི་བགྲོད་ལམ་དང་རང་ཉིད་ཀྱི་མི་དམངས་དང་འཚམ་པའི་བགྲོད་ལམ་ཞིག་རྙེད་ཡོད་ཅེས་བརྗོད། ཁོང་གིས་ཀྲུང་གོའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང་། དོན་དངོས་ཀྱི་རྒྱལ་བབ། རིག་གནས་སྲོལ་རྒྱུན་བཅས་ལ་གཞིགས་ནས་ས་ཆ་དེའི་མི་དམངས་དང་དེས་གཅེས་སྤྲས་བྱེད་པའི་རིན་ཐང་ལྟ་བར་རྒྱུས་མངའ་ལེན་དགོས་ཞེས་བརྗོད་པ་རེད།
《ཞི་ཅིན་ཕིང་གི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་སྲུང་སྐོར་གྱི་རྣམ་བཤད་གནད་བསྡུས》ཀྱི་རྒྱ་ཡིག་པར་གཞི་དེ་ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པ་དང་། ཆེད་དོན་9ལ་དབྱེ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་སྲུང་བྱེད་པར་དམིགས་ཏེ་སྤེལ་བའི་རྣམ་བཤད་གལ་ཆེན་རབ་དང་རིམ་པ་གོ་རིམ་ལྡན་པའི་ངང་བསྡུ་ལེན་བྱས་ཡོད། དེབ་དེའི་དབྱིན་ཡིག་དང་རྒྱ་ཡིག་དང་། སི་ཕེན་གྱི་ཡི་གེ་དང་རྒྱ་ཡིག ཧྥ་རན་སེའི་ཡི་གེ་དང་རྒྱ་ཡིག ཨུ་རུ་སུའི་ཡི་གེ་དང་རྒྱ་ཡིག རི་པིན་གྱི་ཡི་གེ་དང་རྒྱ་ཡིག་བཅས་ཀྱི་ཤན་སྦྱར་པར་གཞི་ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་ཡིག་སྒྱུར་བྱས་པ་དང་ཀྲུང་དབྱང་རྩོམ་སྒྱུར་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་པ་རེད།