ཉིན་གུང་གཉིད་ཉལ་ཡུན་ཡག་ཤོས་སྐར་མ་20རེད་འདུག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-06-23   རྩོམ་ཁུངས།    中央广播电视总台藏语

        ནམ་དུས་དབྱར་ཁ་ཚ་གདུག་ཆེ་བས། མི་ཚོགས་མང་པོ་ཞིག་ཉིན་གུང་གཉིད་ཉལ་རྒྱུར་དགའ་པོ་ཡོད།  ཅི་སྟེ་ཉིན་གུང་གཉིད་ཉལ་ན་ལུས་སེམས་གཉིས་ཀར་ཕན་ཐོགས་ཆེ་ཡང་།གཉིད་ཉལ་བའི་དུས་ཚོད་རིང་དྲགས་ན་དེ་ལས་ལྡོག་སྟེ་གཟུགས་པོར་གནོད་པ་ཆེན་པོ་ཡོད་པ་ཞིབ་འཇུག་ལས་བསྟན་འདུག དེས་ན་གཤམ་ལ་ཉིན་གུང་གཉིད་ཉལ་བའི་དགེ་སྐྱོན་འགའ་ཞིག་བརྗོད་རྒྱུ་ཡིན་པས་གཟིགས་པར་འཚལ།

图片

        གཅིག ཉིན་གུང་གཉིད་ཉལ་བའི་བཟང་ཆ་ལྔ། 

        1. སེམས་ཁམས་གསོ་བར་ཕན་པ། 

        དགོང་མོའི་ཆུ་ཚོད་23:00ནས་ཆུ་ཚོད་1:00བར་གཉིད་ཉལ་ན། སྙིང་གི་ནུས་པ་སླར་གསོ་ཡོང་བར་ཕན་ཐོགས་ཆེ་བ་དང་།ཉིན་གུང་གི་དུས་ཚོད་ཆུ་ཚོད་11:00ནས་ཆུ་ཚོད་13:00བར་དུས་ཚོད་སྐར་མ་20ནས་30བར་གཉིད་ཉལ་ན་སྙིང་ལ་མགྱོགས་མྱུར་ཕན་ནུས་སྐྱེད་ནས་ངལ་དུབ་སེལ་བ་དང་སེམས་ཁམས་ཞི་ལྷོད་ཡོང་བར་ཕན་ཐོགས་ཆེ།

        2. གཉིད་ཁ་གསབ་ཐུབ་པ། 

        གནམ་གཤིས་ཚ་གདུག་ཆེན་པོས་མི་རྣམས་ཀྱི་གཉིད་ཀྱི་དུས་ཚོད་དང་སྤུས་ཚད་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད། དགོང་མོ་གཉིད་མ་འདང་བ་ཚོས་ཉིན་གུང་གཉིད་འཁྱུག་ཙམ་ཉལ་ན་ལུས་པོའི་གཉིད་ཀྱི་བདེ་བ་ཁ་གསབ་ཐུབ་ནས་ལུས་སེམས་གཉིས་ཀའི་ངལ་དུབ་སེལ་ཐུབ།

        3. ཀླད་པར་སྲུང་སྐྱོབ་ཐུབ་པ། 

        ཉིན་གུང་གཉིད་ཉལ་བ་ནི་ཀླད་པའི་བྱེད་ནུས་གསོ་བའི་ཐབས་མཆོག་ཅིག་ཡིན། དེས་བློ་རིག་དང་ལས་ཆོད་མཐོ་རུ་གཏོང་ཐུབ། ཀྲུང་ལུགས་གསོ་རིག་གིས། ཉིན་གུང་གཉིད་ཀྱིས་སེམས་ཁམས་དང་སྙིང་ཁམས་གསོ་ནུས་པ་མ་ཟད། ཀླད་པ་གྲུང་རིག་རིག་ཡོང་བའི་ངོས་འཛིན་བྱེད་ཀྱི་ཡོད། 

        4. མིག་ལ་སྲུང་སྐྱོབ་ཐུབ་པ། 

        མིག་བཙུམ་ནས་གཉིད་ལོག་པའི་གནས་སྐབས་སུ། སྔ་དྲོའི་རིང་དཀའ་ལས་ཁག་དྲགས་པའི་ཆུ་བུར་མིག་འབྲས་ལ་ངལ་གསོ་ཐེབས་ནས་མིག་ཤེད་ཇེ་ཞན་དུ་འགྲོ་བ་སྔོན་འགོག་བྱེད་ཐུབ་ལ། སྐབས་དེར་མིག་ཆུའི་འབྱུང་གནས་ཀྱིས་ཀྱང་མིག་ཆུ་ཟགས་ཐོན་བྱེད་འགོ་བརྩམས་ཏེ་མིག་འབྲས་སྐམ་པོ་བརླན་པར་བྱེད་ཐུབ།

        5. ལུས་ཀྱི་སྐྱི་པགས་ཉམས་གསོ་ཐུབ་པ། 

        ཉིན་གུང་གཉིད་ཉལ་ན་མཚན་མོའི་གཉིད་མི་འདང་བ་ཁ་གསབ་བྱེད་པར་ཕན་པ་དང་། ལུས་པོའི་སྐྱི་པགས་ཉམས་གསོ་ལ་སྐུལ་འདེད་ཀྱི་ནུས་པ་ངེས་ཅན་ཐོན་ནས་རྒས་ཀ་སྲ་བར་འགྱུར་སྲིད།

图片

        གཉིས། ཉིན་གུང་གཉིད་ཉལ་ཡུན་རིང་ན་གཟུགས་པོར་གནོད་པ་ཆེ།

        གོང་དུ་ཉིན་གུང་གཉིད་ཉལ་བའི་བཟང་ཆ་ལྔ་བཤད་ཟིན་མོད། འོན་ཀྱང་ཉིན་གུང་གཉིད་ཉལ་ཡུན་རིང་ན་གཟུགས་པོའི་བདེ་ཐང་ལ་གནོད་འཚེ་ཆེན་པོ་འདུག 

        1.བརྗེ་ཚབ་འདུས་ནད་ཀྱི་ཉེན་ཁ་ཇེ་ཆེར་འགྲོ་བ།

        ཞིབ་འཇུག་བྱས་འབྲས་ལས་མངོན་པར། ཉིན་གུང་གཉིད་ཉལ་བའི་དུས་ཡུན་སྐར་མ་30ལས་བརྒལ་ན་བརྗེ་ཚབ་འདུས་ནད་ཀྱི་ཉེན་ཁ་41%འཕར་སྲིད་པ་དང་།  གྲིབ་ནད་ཀྱི་ཉེན་ཁ་27%ཡན་འཕར་སྲིད།

        2. འཆི་ཉེན་དང་སྙིང་ཁམས་ཁྲག་རྩའི་ནད་ཕོག་པའི་ཉེན་ཁ་ཆེ་རུ་འགྲོ་བ།

        སྤྱི་ལོ་2020ལོར། ཡོ་རོབ་གླིང་གི་སྙིང་ཁམས་ཁྲག་རྩའི་སློབ་ལོའི་ཚོགས་འདུའི་ཐོག་ཞིབ་འཇུག་ཅིག་ཁྱབ་བསྒྲགས་བྱས་པ་ལྟར་ན། ཉིན་གུང་གཉིད་ཉལ་བའི་དུས་ཚོད་ཆུ་ཚོད་1ལས་བརྒལ་ན་འཆི་བའི་ཉེན་ཁ་30%འཕར་སྲིད་པ་དང་།  སྙིང་ཁམས་ཁྲག་རྩའི་ནད་ཕོག་པའི་ཉེན་ཁ་35%འཕར་སྲིད། 

        3. སྙིང་ཁ་འདར་བའི་ནད་ཕོག་པའི་ཉེན་ཁ་ཆེ་རུ་འགྲོ་བ། 

        ཕྱི་རྒྱལ་གྱི་ལོ་14རིང་གི་ཞིབ་འཇུག་འབྲས་བུ་ཞིག་ལས་ཤེས་རྟོགས་བྱུང་བ་ལྟར་ན། ཉིན་གུང་གཉིད་ཉལ་བའི་དུས་ཚོད་སྐར་མ་30བརྒལ་བའི་མིའི་སྙིང་ཁ་འདར་བའི་ནད་ཕོག་ཉེན་ཁ་ཚབས་ཆེ་ཤོས་ཡིན་པ་དང་། ཉིན་གུང་སྐར་མ་15ནས་30བར་གཉིད་ཉལ་བའི་མིའི་སྙིང་ཁ་འདར་བའི་ནད་ཕོག་པའི་ཉེན་ཁ་ཆུང་ཤོས་ཡིན་ཞིང་།ཉིན་གུང་གཉིད་གཏན་ནས་མི་ཉལ་བའི་མིའི་སྙིང་ཁ་འདར་བའི་ནད་ཕོག་པའི་ཉེན་ཁ་དེ་གཉིས་ཀྱི་བར་དུ་ཡིན་པ་རེད།

        4. ཨར་ཚི་ཧའེ་མོ་ནད་ཕོག་པའི་ཉེན་ཁ་ཇེ་ཆེར་འགྲོ་བ།

        ཞིབ་འཇུག་ལས་ཤེས་རྟོགས་བྱུང་བ་ལྟར་ན། ཉིན་གུང་གཉིད་ཉལ་བ་དང་ཀླད་ཁམས་ཉམས་རྒུད་འགྲོ་བའི་བར་འབྲེལ་བ་དམ་ཟབ་ཡོད་ཅིང་།ཉིན་གུང་གཉིད་ཉལ་དྲགས་ན་ཚེ་མཇུག་ཏུ་ཨར་ཚི་ཧའེ་མོའི་ནད་ཕོག་པའི་ཉེན་ཁ་ཇེ་ཆེར་འགྲོ་སྲིད་པ་དང་། ཉིན་གུང་གཉིད་ཉལ་བ་ཆུ་ཚོད་1ལས་བརྒལ་ན། ཨར་ཚི་ཧའེ་མོ་ནད་ཕོག་པའི་ཉེན་ཁ་40%ཇེ་མཐོར་འགྲོ་སྲིད།

图片

        མདོར་ན། ཚ་གདུག་ཆེ་བའི་དབྱར་ཁའི་དུས་སུ། ཉིན་གུང་གཉིད་ཉལ་ན་ལུས་སེམས་གཉིས་ཀར་ཕན་ཐོགས་མང་པོ་ཡོད་ཀྱང་།གཉིད་ཉལ་བའི་དུས་ཚོད་རིང་དྲགས་པ་དང་། ཉིན་གུང་ཁ་ལག་ཟོས་མ་ཐག་ལམ་སེང་གཉིད་ཉལ་བ། གཉིད་ཉལ་བ་ཕྱི་དྲགས་པ། ཁ་སྦུབ་ལོག་ནས་གཉིད་ཉལ་བ་སོགས་ཀྱི་གོམས་གཤིས་ངན་པ་མ་སྤང་ན་འབྱུང་བ་ལུས་ལ་གནོད་པ་ཧ་ཅང་ཆེ་བས། ཉིན་གུང་གཉིད་ཉལ་བའི་དུས་ཡུན་ཡག་ཤོས་ནི་སྐར་མ་20ནས་30བར་ཡིན་པ་ནམ་ཡང་ཡིད་ལ་འཇགས་པར་འཚལ། །