རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-06-09   རྩོམ་ཁུངས།    མི་དམངས་དྲ་བ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ཟླ་6ཚེས་4ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལི་ཙའེ་མིང་ལ་གློག་འཕྲིན་བཏང་ནས་ཁོང་ཧན་གོའི་ཙུང་ཐུང་ལ་བདམས་པར་རྟེན་འབྲེལ་ཞུས་པ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོ་དང་ཧན་གོ་ནི་ཁྱིམ་མཚེས་རྒྱལ་ཁབ་དང་མཉམ་ལས་རོགས་ཟླ་གལ་ཆེན་ཞིག་ཡིན། ཕྱི་འབྲེལ་བཙུགས་ནས་ལོ་33སོང་རིང་། ཕྱོགས་གཉིས་པོས་འདུ་ཤེས་འཛིན་སྟངས་དང་སྤྱི་ཚོགས་ལམ་ལུགས་ཀྱི་ཁྱད་པར་ལས་བརྒལ་ནས་མཉམ་དུ་མདུན་སྐྱོད་དང་ཕན་ཚུན་གྲུབ་འབྲས་གཏོད་པས། རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་བརྟན་པོ་དང་སྐྱོན་བྲལ་བྱུང་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་བདེ་རྩ་ཆེ་རུ་ཕྱིན་པ་མ་ཟད། ས་ཁུལ་ཞི་བདེ་བརྟན་ལྷིང་དང་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ངས་ཀྲུང་གོ་དང་ཧན་གོའི་འབྲེལ་བའི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། དེང་སྐབས། འཛམ་གླིང་ལ་ལོ་བརྒྱའི་འགྱུར་ལྡོག་མགྱོགས་མྱུར་འབྱུང་བཞིན་ཡོད་པས་རྒྱལ་སྤྱི་དང་ས་ཁུལ་གྱི་དུས་བབ་ཁྲོད་ཀྱི་གཏན་འཁེལ་མེད་པའི་རྒྱུ་རྐྱེན་ཇེ་མང་དུ་ཕྱིན་ཡོད།
གོ་ལ་ཧྲིལ་པོ་དང་ས་ཁུལ་གྱི་རྒྱལ་ཁབ་གལ་ཆེན་ཞིག་ཡིན་པའི་ཀྲུང་གོ་ཕྱོགས་ཀྱིས་ཧན་གོ་ཕྱོགས་དང་མཉམ་དུ་ཕྱི་འབྲེལ་བཙུགས་པའི་ཐོག་མའི་བསམ་འདུན་བརྟན་པོ་སྲུང་བ་དང་། ཁྱིམ་མཚེས་མཛའ་གྲོགས་ཀྱི་ཁ་ཕྱོགས་བརྟན་དུ་གཏོང་བ། གཉིས་ཁེ་གཉིས་ཕན་གྱི་དམིགས་ཚད་མཐའ་འཁྱོངས་བྱེད་པ། ཀྲུང་གོ་དང་ཧན་གོའི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་ཐུན་མོང་ཐོག་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་དེ་བས་ཡག་པོ་སྐྲུན་འདོད་ཡོད།