རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-06-04   རྩོམ་ཁུངས།    中国西藏网藏文版
2025ལོའི་མཐོ་རྒྱུགས་སླེབས་ལ་ཉེ། སློབ་གསོ་པུའུ་ཡིས་ཉེ་ཆར2025ལོའི་མཐོ་རྒྱུགས་ཀྱི་སྔོན་བརྡའི་ཆ་འཕྲིན་ཁྱབ་བསྒྲགས་བྱས་པ་དང་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་ཉེ་བའི་ལོ་ཤས་རིང་ཐོན་པའི་དཔེ་མཚོན་གྱོད་དཔེ་གསེད་བཀྲོལ་དང་ཕྱོགས་བསྡུས་བྱས་ཏེ་རྒྱ་ཆེའི་རྒྱུགས་སྤྲོད་མཁན་དང་ཁྱིམ་བདག་གིས་དཀྲོག་གཏམ་ལ་ཡིད་ཆེས་གཏན་ནས་མི་བྱེད་པ་དང་དབྱེ་འབྱེད་ནུས་པ་ཆེ་རུ་གཏོང་བ། མགོ་སྐོར་འོག་ཏུ་མི་ཚུད་པ་བྱེད་པ། ཡིག་རྒྱུགས་དང་འབྲེལ་བའི་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་ནང་གཏན་ནས་མི་ཞུགས་པ། ཁ་དན་ཚིག་གནས་ངང་ཡིག་རྒྱུགས་ནང་ཞུགས་པ་དང་སྒྲིག་སྲོལ་སྒྲིག་ཁྲིམས་བརྩི་སྲུང་བཅས་བྱེད་དགོས་པའི་དྲན་སྐུལ་བྱས།
སློབ་གསོ་པུའུ་ཡིས་དྲན་སྐུལ་བྱས་དོན། མཐོ་རྒྱུགས་གཡོ་ལས་སྒྲིག་འཛུགས་བྱས་པ་ནི་ཉེས་དོན་ཉེས་གསོག་གི་ཁོངས་སུ་གཏོགས་པས། དེའི་ནང་ཞུགས་མཁན་ལ་དུས་བཀག་བཙོན་འཇུག་དང་དངུལ་ཆད་གཏོང་བ་སོགས་ཀྱི་ཆད་པ་གཅོད་རྒྱུ་རེད། ཉེ་བའི་ལོ་ཤས་རིང་། སྤྱི་བདེ་ལས་ཁུངས་དང་འབྲེལ་ཡོད་སྡེ་ཁག་བར་མཐུན་སྦྱོར་དམ་ཟབ་བྱས་ཏེ། རྒྱུགས་སྤྲོད་པའི་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་ལ་ཐོག་མཐའ་བར་གསུམ་དུ་མཐོ་གནོན་རྡུང་རྡེག་ནན་པོ་གཏོང་བའི་རྣམ་པ་རྒྱུན་འཁྱོངས་བྱས་ཡོད་ལ། རྒྱ་ཆེའི་རྒྱུགས་སྤྲོད་མཁན་གྱིས་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་མཐའ་ཐིག་ནན་སྲུང་བྱེད་དགོས།
སློབ་གསོ་པུའུ་ཡིས་དྲན་སྐུལ་བྱས་དོན།《རྒྱལ་ཁབ་ཀྱི་སློབ་གསོའི་ཡིག་རྒྱུགས་ཀྱི་སྒྲིག་འགལ་ཐག་གཅོད་བྱེད་ཐབས》ནང་ཆ་འཕྲིན་བསྐུར་བའམ་ཡང་ན་བསྡུ་ལེན་ནུས་པ་ལྡན་པའི་སྒྲིག་ཆས་འཁྱེར་ཚེ་ཡིག་རྒྱུགས་གཡོ་ལས་བྱས་པར་ངོས་འཛིན་བྱ་རྒྱུ་དང་། རྒྱུགས་སྤྲོད་པ་གང་དེའི་ཡིག་རྒྱུགས་ལ་ཞུགས་པའི་མིང་ཐོ་འགོད་པའི་དུས་རིམ་ཁག་དང་རྒྱུགས་གཞི་ཁག་གི་སྐར་གྲངས་ཚང་མ་རྩིས་མེད་དུ་གཏོང་རྒྱུ་ཡིན་པ། རྒྱུ་མཚན་གང་འདྲ་དང་བཀོལ་སྤྱོད་བྱས་མིན་གང་ཡིན་རུང་ལག་འཁྱེར་ཁ་པར་སོགས་འཕྲིན་གཏོང་ཡོ་བྱད་འཁྱེར་ནས་རྒྱུགས་རར་འཛུལ་ན་ཡིག་རྒྱུགས་གཡོ་ལས་ལ་ངོས་འཛིན་རྒྱུ་ཡིན་པ་བཅས་གཏན་འབེབས་ཁ་གསལ་བྱས་ཡོད།
གཞན་ཡང་། ཉེ་བའི་ལོ་ཤས་རིང་ཐོན་པའི་མཐོ་རྒྱུགས་ཀྱི་རྒྱུགས་གཞི་ཚོད་དཔག་ཟེར་བར་ཡིད་ཆེས་ནས་མཐོ་རྒྱུགས་གྲ་སྒྲིག་ལ་ཤུགས་རྐྱེན་ཐེབས་པ་དང་། སྐར་གྲངས་སྔོན་ལ་འདྲི་རྩད་བྱེད་ཐུབ་ཟེར་བར་ཡིད་ཆེས་ནས་རང་ཉིད་ཀྱི་ཆ་འཕྲིན་ཕྱིར་གྱར་བ་སོགས་ཀྱི་གྱོད་དཔེ་ལ་དམིགས་ནས། སློབ་གསོ་པུའུ་ཡིས་ད་དུང་ཉེ་བའི་ལོ་ཤས་རིང་མཐོ་རྒྱུགས་ཀྱི་རྒྱུགས་གཞི་མུ་མཐུད་དུ་བསྒྱུར་བཅོས་གཏིང་ཟབ་ཏུ་བཏང་སྟེ། རྒྱུགས་སྤྲོད་མཁན་གྱི་འགག་རྩའི་ནུས་པ་དང་རིག་ཚན་གྱི་བྱང་ཚད། བསམ་གཞིགས་ཀྱི་ནུས་པ་བཅས་ལ་ཞིབ་བཤེར་བྱ་རྒྱུར་སྔར་བས་མཐོང་ཆེན་བྱས་ཤིང་། རྒྱུགས་གཞི་ཚོད་དཔག་ལ་ངོ་རྒོལ་བྱེད་པའི་ཕྱོགས་སྟོན་འབུར་ཐོན་བྱས་པས། AIདང“རིགས་གཅིག་མཁས་ཅན”ཡིན་ཟེར་མཁན་ལ་བརྟེན་ནས་རྒྱུགས་གཞི་ཚོད་དཔག་བྱེད་ཐུབ་པ་སྤྱིའི་ཆ་ནས་ཡོང་མི་སྲིད། ལོ་རེའི་མཐོ་རྒྱུགས་སྐར་གྲངས་མ་ཐོན་གོང་ཞིང་ཆེན་རིམ་པའི་སློབ་གསོའི་སྲིད་འཛིན་སྡེ་ཁག་གམ་སློབ་བསྡུ་རྒྱུགས་ལེན་ལས་ཁུངས་ཀྱིས་གཞུང་ཕྱོགས་ཀྱི་སྐར་གྲངས་འདྲི་རྩད་ཐབས་ལམ་སྔ་སྣུར་དུ་ཁྱབ་བསྒྲགས་བྱེད་ཀྱི་ཡོད་པས། རྒྱུགས་སྤྲོད་མཁན་གྱིས་གཞུང་ཕྱོགས་ཀྱི་ཐབས་ལམ་བརྒྱུད་ནས་དུས་ཐོག་ཏུ་འདྲི་རྩད་བྱེད་དགོས་པ་ལས་སྐབས་ཤིག་རིང་བྲེལ་འཚུབ་དབང་གིས་མགོ་སྐོར་ཐེབས་མི་རུང་བའི་དྲན་སྐུལ་བྱས་ཡོད།