ཕུགས་བསམ་གྱི་ཆེད་དུ་ལས་གཏོད་ལ་འབད་པའི་དངོས་གྲུབ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-06-03   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


        “སང་ཉིན་དགེ་སློབ་དང་ཁྱིམ་བདག་མི་ཐེངས་100ལྷག་ཙམ་ང་ཚོའི་སྒར་སར་ཡོང་ནས་ཞིབ་སྦྱོང་བྱེད་སྒོ་སྤེལ་རྒྱུ་རེད། དེའི་ཕྱིར་བཟའ་བཅའི་བདེ་འཇགས་ལ་འགན་ལེན་བྱེད་དགོས་པ་དང་། ཞབས་ཞུ་ཡག་པོ་བྱེད་དགོས། སྒར་ས་ནང་གི་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་ཕྱོགས་ཡོངས་ནས་གྲལ་བཤེར་བྱས་ཏེ་མགྲོན་པོ་རྣམས་ཀྱིས་སེམས་བདེ་མོའི་ངང་བསྲེགས་ཟས་ཟས་ཆོག་པ་དང་ཞིབ་སྦྱོང་བྱེད་སྒོ་ཡག་པོ་སྤེལ་ཐུབ་རྒྱུར་འགན་ལེན་བྱེད་དགོས།”ཞོགས་པའི་ཆུ་ཚོད་བཅུ་ཡི་ཐོག་ཡེ་ཐུའུ་ཨེར་སྒར་སའི་འགན་འཁུར་བ་དངོས་གྲུབ་ཀྱིས་ལས་མི་བསྡུས་ནས་ལས་དོན་བཀོད་སྒྲིག་བྱེད་བཞིན་པའི་སྒང་ཡིན།

        སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཡང་ཐང་གྲོང་རྡལ་ཧོ་ཕིང་གྲོང་ཚོར་གནས་པའི་ཡེ་ཐུའུ་ཨེར་སྒར་སར་བསྲེགས་ཟས་དང་། ཁོ་ཧྥེ། པར་རྒྱག་ས་སོགས་གང་དགོས་ཚང་མ་འཛོམས་ཡོད་པས་ཉེ་འཁོར་གྱི་གྲོང་མིའི་འགྲོ་དགའ་བའི་སྤྲོ་གསེང་རོལ་རྩེད་བྱ་ཡུལ་ཡག་པོ་ཞིག་ཏུ་གྱུར་ཡོད། གཞན་ཡང་ཐུན་མོང་མ་ཡིན་པའི་རང་བྱུང་ཐོན་ཁུངས་དང་ལེ་ལག་ཚང་བའི་སྒྲིག་བཀོད། ས་གནས་ཀྱི་ཡུལ་སྲོལ་ལྡན་པའི་འཛུགས་སྐྲུན་རྣམ་པ་བཅས་ལ་བརྟེན་ནས་རྒྱལ་ནང་གི་པེ་ཅིང་དང་ཧང་ཀྲོའུ་དང་ཕྱི་རྒྱལ་གྱི་མ་ལེ་ཞི་ཡ་སོགས་ས་གནས་ཁག་གི་ཡུལ་སྐོར་བ་དེར་སྤྲོ་གསེང་གཏོང་བར་ཕེབས་ཡོད།

        ལས་ཁུར་དགོངས་ཞུ་བྱས་ནས་རང་ཉིད་ཀྱི་ཕུགས་འདུན་འཚོལ་བ།

        2022ལོར། དངོས་གྲུབ་ཀྱིས་ཁེ་ལས་ནས་ལས་ཁུར་དགོངས་པ་ཞུས་ཏེ་ཕུགས་འདུན་དངོས་སུ་སྒྲུབ་པའི་ལམ་བུར་བསྐྱོད།

        ལས་ཁུར་དགོངས་ཞུ་རྗེས། དངོས་གྲུབ་ཀྱིས་ལྗིད་འདེགས་འཕྲུལ་འཁོར་གཉིས་ཉོས་ནས་བཟོ་སྐྲུན་གཙང་སྒྲུབ་བྱེད་འགོ་ཚུགས་པ། ལས་ཡུལ་གྱི་བགྲོད་ལམ་སོགས་གནད་དོན་སྣ་ཚོགས་ཐག་གཅོད་བྱེད་ཆེད།  དངོས་གྲུབ་ཀྱིས་རང་ཉིད་ཀྱི་རླངས་འཁོར་བཅོས་སྒྲིག་དང་རིམ་སྤར་བྱས། རྒྱུན་མི་ཆད་པར་རང་ཉིད་ཀྱི་རླངས་འཁོར་བཅོས་སྒྲིག་རིམ་སྤོར་བྱེད་པའི་ཁྲོད། དངོས་གྲུབ་ཀྱིས་རང་ཡུལ་དུ་རླངས་འཁོར་གྱི་སྒྲིག་ཆས་ཚོང་ཁང་ཉུང་བ་མཐོང་བས་བཟོ་སྐྲུན་གཙང་སྒྲུབ་མི་བྱེད་དེ་ལྗིད་འདེགས་འཕྲུལ་འཁོར་གཉིས་བོགས་མར་བཏང་རྗེས་རླངས་འཁོར་གྱི་སྒྲིག་ཆས་ཚོང་ཁང་ཞིག་བཙུགས་ཡོད། དེར་རླངས་འཁོར་གྱི་སྒྲིག་ཆས་སྣ་ཚོགས་འཚོང་ཡོད་པ་དང་སྒར་ས་རྒྱག་ནས་སྡོད་དགའ་མཁན་མང་པོ་ངོ་ཤེས་པས། ཁོམ་པ་ཡོད་དུས་ཁོ་ཚོ་དང་གྲོགས་སྒྲིག་ནས་ཕྱི་རོལ་ལ་སྒར་རྒྱག་ནས་སྤྲོ་གསེང་གཏོང་བར་འགྲོ་ཡོད། དུས་ཡུན་རིང་དུ་ཕྱི་རོལ་ནས་སྒར་རྒྱག་ནས་སྡོད་པར་དགའ་མཁན་གྱི་རླངས་འཁོར་གྱི་བཅོས་སྒྲིག་རིམ་སྤར་སྒྲིག་ཆས་ཐད་ལ་དགོས་མཁོ་ཡོད་པ་མ་ཟད། ད་དུང་རས་གུར་དང་ཅོག་ཙེ་སོགས་སྟབས་བདེའི་ཕྱི་རོལ་གྱི་ཡོ་བྱད་ཐད་དགོས་མཁོ་ཡོད་པ་དེ་ཤེས་ནས། ཁོའི་ཚོང་ཁང་དུ་ཕྱི་རོལ་གྱི་ཡོ་བྱད་སྣ་ཚོགས་ཁ་སྣོན་བྱས་ནས་འཚོང་བ་རེད།


        ཕྱི་རོལ་དུ་སྒར་བརྒྱབ་ནས་བསྡད་པའི་ཁྲོམ་ར་གསར་པ་མཐོང་།

        གྲོགས་པོ་དང་མཉམ་དུ་རྩྭ་ཐང་དང་ཆུ་ཁ་སོགས་སུ་ཕྱི་རོལ་དུ་སྒར་བརྒྱབ་ནས་སྤྲོ་གསེང་གཏོང་སྐབས། ཕྱི་རོལ་དུ་སྒར་བརྒྱབ་ནས་སྡོད་པ་དེ་ཁྱིམ་ཚང་དང་། ཚོགས་ཁག  གྲོགས་པོ་འདུ་འཛོམས་བཅས་ཀྱི་གདམ་ག་དང་པོར་གྱུར་ཡོད་པ་དེ་ཤེས་ཡོད་ལ་དངོས་གྲུབ་ཀྱིས་སྒར་བརྒྱབ་ནས་སྡོད་པའི་དཔལ་འབྱོར་གྱི་ལས་རྣམ་གསར་པ་དམ་འཛིན་བྱེད་ཐུབ་པའི་ཆེད། རང་ཡུལ་དང་ཐག་ཐུང་བའི་སྔར་ཡོད་ཀྱི་བསྲེགས་ཟས་གླིང་ཞིག་བོགས་ལེན་བྱས་ནས་ཡེ་ཐུའུ་ཨེར་སྒར་ས་འཛུགས་པ།   སྒར་ས་དེ་ཡང་ཐང་གྲོང་རྡལ་ཧོ་ཕིང་གྲོང་ཚོ་ཆུ་མདོ་ཞབས་སུ་བསྐྲུན་རྒྱུའི་རྒྱུ་རྐྱེན་ནི་དེ་གའི་ལྗོན་ཤིང་སྔོ་ལྗང་ལྡན་ཞིང་མཛེས་ལྗོངས་རི་མོ་དང་འདྲ་བས་གྲོང་མི་དང་ཡུལ་སྐོར་བའི་སྤྲོ་གསེང་གཏོང་བའི་ཐད་ཀྱི་དགོས་མཁོ་དེ་བས་ལེགས་པོར་སྐོང་ཐུབ་པ་དང་། དེ་སྔོན་དུ་བསྲེགས་ཟས་གླིང་ཞིག་ཡིན་པས་ཆུ་དང་གློག་སོགས་ཀྱི་རྨང་གཞི་ཆ་རྐྱེན་ཡོད་པས་འགྲོ་སྒོར་གྲོན་ཆུང་ཐུབ་པ་དང་། སེམས་ཤུགས་དེ་བས་མང་བ་ལེ་ལག་ཚང་བའི་སྒྲིག་བཀོད་འཛུགས་སྐྲུན་ཐད་སྤྱོད་ཐུབ་ཅེས་དངོས་གྲུབ་ཀྱིས་བཤད།
        སྒར་སའི་རྒྱ་ཁྱོན་མུའུ་35ཟིན་པ། དེ་སྔོན་གྲོང་མི་དང་ཡུལ་སྐོར་བ་ཕྱི་རོལ་དུ་སྤྲོ་གསེང་གཏོང་བར་བསྡུར་ན། ཡེ་ཐུའུ་ཨེར་སྒར་སར་བསྲེགས་ཟས་དང་ཁོ་ཧྥེ་ཁང་། རོལ་རྩེད་སྒྲིག་ཆས། ཟ་ཁང་། གླུ་ལེན་ས་བཅས་གཞི་གཅིག་ཏུ་བསྡུས་ཡོད་པ་དང་། སྒར་ས་དེའི་བཟའ་བཏུང་དང་འཛུགས་སྐྲུན་ནི་བོད་ལུགས་ཁྱད་ཆོས་དང་ཟུང་འབྲེལ་བྱས་ནས་མགྲོན་པོ་རྣམས་ལ་སྤུས་ལེགས་ཅན་དང་སྣ་མང་ཅན་གྱི་ལས་རྣམ་ཞབས་ཞུ་མཁོ་འདོན་བྱེད་ཐུབ་པ་མ་ཟད། མཛེས་སྡུག་ལྡན་པའི་རང་བྱུང་མཛེས་ལྗོངས་དང་ལེ་ལག་ཚང་བའི་སྒྲིག་བཀོད་ཡོད་པས་གྲོང་མི་དང་ཡུལ་སྐོར་བའི་སྤྲོ་གསེང་དང་འདུ་འཛོམས་ཀྱི་འགྲོ་ས་ཡག་པོ་ཞིག་ཏུ་གྱུར་ཡོད།
        “ལོ་ལྟར་ང་ཚོས་ཕྲུ་གུ་ཁྲིད་ནས་འདིར་སྤྲོ་གསེང་གཏོང་བར་ཡོང་ཡོད། འདི་གར་རིན་མེད་ཀྱི་བསྲེགས་ཟས་སྒྲིག་ཆས་དང་གསོལ་ཆས་མཁོ་འདོན་བྱེད་པས་སྟབས་ཧ་ཅང་བདེ། རང་ཉིད་ཀྱིས་གྲ་སྒྲིག་བྱེད་པའི་དུས་ཚོད་ཉུང་དུ་གཏོང་ཐུབ། ཁྱིམ་མི་དང་སྦྲ་གུར་ནང་ཞིམ་ཟས་མྱོང་རོལ་བྱེད་པ། རང་བྱུང་མཛེས་ལྗོངས་མྱོང་རོལ་བྱེད་པ། ཕྲུ་གུ་དང་མི་རྒན་པ་ཚང་མ་ཧ་ཅང་དགའ་པོ་བྱུང་ཡོད་”ཅེས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་གྲོང་མི་ཡུས་ཧུང་གིས་བཤད།
        གནམ་གཤིས་ཇེ་དྲོར་སོང་བ་དང་བསྟུན་ནས། སློབ་གྲྭ་མི་ཉུང་བ་ཞིག་གིས་སློབ་གྲོགས་ཁྲིད་དེ་ཡེ་ཐུའུ་ཨེར་སྒར་སར་དཔྱིད་ཀའི་སྤྲོ་གསེང་བྱེད་སྒོ་སྤེལ་བཞིན་ཡོད། སྒར་སས་ཁྱིམ་ཚང་གི་ཕྱི་རོལ་དུ་སྤྲོ་གསེང་གཏོང་བའི་དགོས་མཁོ་སྐོང་ཐུབ་པ་མ་ཟད། སློབ་གྲྭ་དང་ཀུང་སི་སོགས་ཚོགས་ཁག་ལ་རི་འཛེག་དང་རྐང་ཐང་གི་འགྲན་བསྡུར། རྩི་ཤིང་གི་ཁ་དོག་བསྒྱུར་བ་སོགས་བྱེད་སྒོ་སྣ་མང་ཕུན་སུམ་ཚོགས་པོ་མཁོ་འདོན་བྱས་ཡོད་པས། བྱིས་པ་རྣམས་ཀྱིས་བྱེད་སྒོར་ཞུགས་ནས་ལག་འགུལ་ནུས་པ་མཐོར་འདེགས་དང་། ཚོགས་པའི་མཉམ་ལས་ནུས་པ་མཐོར་འདེགས། གོང་བུར་འགྲིལ་ཤུགས་ཇེ་དྲག་བཅས་གཏོང་ཐུབ་ཅེས་ཁྱིམ་བདག་སྒྲོལ་མས་བཤད།

        རང་བྱུང་ཐོན་ཁུངས་ཀྱི་ལག་རྟགས་ལོངས་སུ་སྤྱོད།

        སྒར་ས་གཉེར་རྒྱུ་ནི་རང་ཉིད་ཀྱི་ལས་ཀ་ཡིན་ལ། རང་ཉིད་ཀྱི་དགའ་ཕྱོགས་ཀྱང་ཡིན་ཞེས་དངོས་གྲུབ་ཀྱིས་བཤད། ལོ་3རིང་། རང་ཉིད་ཀྱིས་འཚོལ་ཞིབ་བྱས་པ་དང་། གྲོང་ཁྱེར་རིག་གནས་ཡུལ་སྐོར་ཅུས་ཀྱིས་སྒྲིག་འཛུགས་བྱས་པའི་གསོ་སྦྱོང་ནང་ཞུགས་པ། རང་ཉིད་ཕྱིར་བསྐྱོད་དེ་ལྟ་སྦྱོང་བྱེད་པ། མགྲོན་པོའི་བསམ་འཆར་དང་གྲོས་འགོ་ནན་ཏན་ངང་ཉན་པ་བཅས་བྱས་པ་བརྒྱུད་སྒར་སའི་རྨང་གཞིའི་སྒྲིག་བཀོད་ཟམ་མི་ཆད་པར་གསར་བསྒྱུར་དང་འཐུས་སྒོ་ཚང་དུ་བཏང་ནས་མགྲོན་པོར་ཞབས་འདེགས་ཡག་པོ་ཞུས་པའི་སྒོ་ནས་མགྲོན་པོའི་དགའ་བསུ་ཆེན་པོ་ཐོབ་ཡོད།
        སྒར་སའི་ཚོང་ལས་ཚ་ཚ་འུར་འུར་ངང་སྤེལ་བ་དང་བསྟུན་ནས་ཞབས་ཞུའི་དགོས་མཁོ་ཆེ་རུ་ཕྱིན་ཡོད། དངོས་གྲུབ་ཀྱིས་ཉེ་འགྲམ་གྱི་གྲོང་མི་སྒར་སར་ལས་ཀ་བྱེད་དུ་བཅུག་པས་སྒར་སའི་ཞབས་ཞུའི་དགོས་མཁོ་སྐོང་ཐུབ་པ་མ་ཟད། གྲོང་མི་ཡང་འདི་རུ་གླ་པར་ཡོང་ནས་སྒོར་མོ་བཙལ་ཐུབ། སྒར་སར་ལས་ཀ་བྱས་ནས་ལོ་3ཟིན་ཡོད། རྒྱུན་གཏན་གྱི་ལས་ཀ་གཙོ་བོ་ནི་གཙང་སྦྲ་བྱ་རྒྱུ་དེ་ཡིན་པ་དང་། ཟླ་རེར་ཡོང་འབབ་སྒོར་4000ཙམ་ལེན་ཐུབ་པ་མ་ཟད། ཁྱིམ་དང་སྒར་ས་ཐག་ཐུང་བས་ད་དུང་ཁྱིམ་ལས་ཡང་ལས་ཐུབ་པས། སྒོ་ཁར་གླ་པར་བསྐྱོད་ནས་སྒོར་མོ་བཙལ་ཐུབ་པ་ནི་འཚོ་བའི་དགོས་མཁོ་སྐོང་ཐུབ་པ་མ་ཟད། ད་དུང་ཁྱིམ་ཚང་ཡང་སྐྱོང་ཐུབ་པས་སྟབས་ཧ་ཅང་བདེ་”ཞེས་སྒར་སའི་ལས་མི་སྲིང་མིས་བཤད།
        ས་གནས་དེ་གའི་མི་རྣམས་ལ་ལས་ཞུགས་གོ་སྐབས་སྔར་ལས་མང་བ་ཐོབ་ཆེད། དངོས་གྲུབ་ཀྱིས་རང་ཉིད་ཀྱིས་སློབ་ཡོན་སྤྲད་དེ་གྲོང་མི་ཕུན་ཚོགས་ཚལ་བཟོ་སྟངས་སྦྱོང་བར་བསྐྱལ་བ་དང་།   ལག་རྩལ་སྦྱངས་རྗེས་ཕྱིར་ལོག་ནས་སྒར་སའི་ཟ་ཁང་དུ་ཟ་མའི་ལས་བཞིན་ཡོད། སྒར་སར་ལས་མི་5ཡོད་པ་དང་མགྲོན་པོ་མང་བའི་དུས་སུ་ད་དུང་ས་གནས་དེ་གའི་ཡུལ་མི་གནས་སྐབས་ལས་མིར་བསྡུས་ནས་གཉེར་སྐྱོང་འགན་ལེན་བྱེད་པ་དང་ཆབས་ཅིག་ཡུལ་མིས་ཐག་ཐུང་དུ་གླ་པ་རྒྱུག་ཐུབ་རྒྱུར་རོགས་རམ་བྱེད།  དུས་མཚུངས་སུ་ཟ་ཁང་དང་མགྲོན་པོའི་དགོས་མཁོར་གཞིགས་ནས་ས་གནས་དེ་གའི་ཞིང་དུད་ནས་འོ་མ་དང་། ཞོ། ཕག་ཤ། ཡུལ་བྱ། སྒོ་ང་སོགས་ཟས་རིགས་ཉོས་ཏེ་གྲོང་མིའི་ཡོང་སྒོ་འཕར་སྣོན་ཡོང་བར་རོགས་རམ་བྱས་ཡོད།
        སྒར་ས་དེ་བས་ལེགས་སུ་གཉེར་སྐྱོང་བྱེད་པ་དང་མགྲོན་པོར་སྤུས་ལེགས་ཀྱི་ཞབས་ཞུ་འདོན་པ། བཟའ་བཅའ་དང་འཛུགས་སྐྲུན་ཐད་ས་གནས་ཀྱི་ཁྱད་ཆོས་འདོན་སྤེལ་བྱེད་ནས་དེ་བས་མང་བའི་མགྲོན་པོ་དེར་ཕེབས་ནས་སྤྲོ་གསེང་གཏོང་བ།  རང་ཉིད་ཀྱིས་ཡུལ་མི་ལ་གང་ཐུབ་ནས་གླ་པར་སྤྱོད་པ། ཡུལ་ཟས་ཉོ་བར་བརྒྱུད་རོགས་རམ་སྤྲད་དེ་མཉམ་དུ་རང་བྱུང་ཐོན་ཁུངས་ཀྱི་ལག་རྟགས་ལོངས་སྤྱོད་ཀྱི་རེ་བ་ཡོད་ཅེས་དངོས་གྲུབ་ཀྱིས་བཤད་བྱུང་།