《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་བཀོད་པ།སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་མགྱོགས་མྱུར་སྐྲུན་དགོས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-06-03   རྩོམ་ཁུངས།    མི་དམངས་ཉིན་རེའི་ཚགས་པར།

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་31ཉིན་གློག་འཕྲིན་འབྱོར་གསལ། ཟླ་6ཚེས་1ཉིན་པར་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས་11པའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན《སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་མགྱོགས་མྱུར་སྐྲུན་དགོས》ཞེས་པ་སྤེལ་བ་རེད།

    རྩོམ་ཡིག་ནང་ནན་བཤད་གནང་དོན། སློབ་གསོ་ནི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རྨང་གཞི་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ང་ཚོས་སློབ་གསོ་དེ་རྒྱལ་ཁབ་ཀྱི་ཇུས་ཆེན་དང་ཏང་གི་ཇུས་ཆེན་ལ་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་ཏང་གི་སློབ་གསོའི་མཛད་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། ཚན་སློབ་ལ་བརྟེན་ནས་རྒྱལ་ཁབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་དང་སློབ་གསོ་དེང་རབས་ཅན་མགྱོགས་སུ་གཏོང་བའི་ཐབས་ཇུས་གལ་ཆེན་བཏོན་པ་དང་། 2035ལོར་སླེབས་སྐབས་སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་སྐྲུན་པའི་འབད་འཐབ་དམིགས་ཚད་གཏན་འཁེལ་བྱས་ཏེ་དུས་རབས་གསར་པའི་སློབ་གསོའི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་གནས་བབ་རང་བཞིན་གྱི་འགྱུར་ལྡོག་ཡོང་བར་སྐུལ་འདེད་བཏང་ཡོད།

    རྩོམ་ཡིག་ནང་བསྟན་དོན། ང་ཚོས་སྐྲུན་དགོས་པའི་སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་ཡིན་ཞིག་པས། བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་ནུས་པ་དང་། ཤེས་ལྡན་པའི་འགྲན་རྩོད་ནུས་པ། ཚན་རྩལ་གྱི་འདེགས་སྐྱོར་ནུས་པ། དམངས་འཚོའི་འགན་སྲུང་ནུས་པ། སྤྱི་ཚོགས་ཀྱི་མཐུན་སྦྱོར་ནུས་པ། རྒྱལ་སྤྱིའི་ཤུགས་རྐྱེན་ཐེབས་ནུས་བཅས་སྟོབས་ཆེན་ལྡན་དགོས། སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་འདི་ལྟ་བུ་སྐྲུན་པར་ངེས་པར་དུ་རྨང་བརྟན་བློ་སྦྱོང་གི་བསམ་བློ་ཆབ་སྲིད་ཀྱི་སློབ་གསོའི་མ་ལག་དང་། དྲང་གཞག་སྤུས་ལེགས་ཀྱི་རྨང་གཞིའི་སློབ་གསོའི་མ་ལག རང་བརྩོན་ཁྱད་འཕགས་ཀྱི་མཐོ་རིམ་སློབ་གསོའི་མ་ལག ཐོན་སློབ་མཉམ་འདྲེས་ཀྱི་ལས་རིགས་སློབ་གསོའི་མ་ལག ཀུན་ཏུ་ཁྱབ་པའི་ཚེ་གང་སློབ་གསོའི་མ་ལག གསར་གཏོད་ཀྱིས་སྣེ་ཁྲིད་བྱེད་པའི་ཚན་རྩལ་འདེགས་སྐྱོར་མ་ལག བྱང་ཚད་ཕུལ་དུ་བྱུང་བའི་དགེ་རྒན་དཔུང་ཁག་མ་ལག སྒོ་དབྱེ་མིག་བལྟོས་ཀྱི་རྒྱལ་སྤྱིའི་མཉམ་ལས་མ་ལག་བཅས་ཕྱོགས་ཡོངས་ནས་སྐྲུན་དགོས།

    རྩོམ་ཡིག་ནང་བསྟན་དོན། སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་སྐྲུན་པ་ནི་རྙོག་འཛིང་ཆེ་བའི་ཕྱོགས་བསྡུས་རང་བཞིན་གྱི་འདུ་འགོད་ཅིག་ཡིན་པས་སློབ་གསོའི་ཆབ་སྲིད་ཀྱི་ངོ་བོ་དང་། མི་དམངས་ཀྱི་ངོ་བོ། འཐབ་ཇུས་ཀྱི་ངོ་བོ་བཅས་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པར་བྱས་ཏེ་རྒྱལ་ཁབ་ཀྱི་འཐབ་ཇུས་ལ་འདེགས་སྐྱོར་དང་དམངས་འཚོའི་དགོས་མཁོ་སྐོང་བའི་དབར་གྱི་འབྲེལ་བ་དང་། ཤེས་བྱ་སློབ་སྦྱོང་དང་ཕྱོགས་ཡོངས་འཕེལ་རྒྱས་དབར་གྱི་འབྲེལ་བ། ཤེས་ལྡན་པ་གསོ་སྐྱོང་དང་སྤྱི་ཚོགས་ཀྱི་དགོས་མཁོ་སྐོང་བའི་དབར་གྱི་འབྲེལ་བ། ཚད་ལྡན་དང་གོ་རིམ་ལྡན་པ་དང་གསོན་ཤུགས་འཕེལ་བར་བྱེད་པའི་དབར་གྱི་འབྲེལ་བ། ཀྲུང་གོའི་ས་གཞི་ཆེན་པོར་རྩ་བ་ཚུགས་པ་དང་རྒྱལ་སྤྱིའི་ཉམས་མྱོང་དཔྱད་གཞིར་འཛིན་པའི་དབར་གྱི་འབྲེལ་བ་བཅས་ཐག་གཅོད་ཡང་དག་བྱེད་དགོས།

    རྩོམ་ཡིག་ནང་བསྟན་དོན། སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་དུས་བཀག་ལྟར་སྐྲུན་པར་ལས་འགན་དཀའ་ཚེགས་ཆེ་ལ་དུས་ཚོད་ཛ་དྲག་པོ་ཡོད། གཅིག་ནས་བློ་བརྟན་འགྱུར་མེད་ངང་མི་བཟང་གསོ་སྐྱོང་གི་རྩ་བའི་ལས་འགན་དོན་འཁྱོལ་ཡག་པོ་བྱེད་དགོས་ཤིང་། རྒྱུན་སྲིང་ལྷོད་མེད་ངང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློར་བརྟེན་ནས་བློ་སྦྱོང་བསླབ་སྐྱོང་དང་དུས་རབས་གསར་པའི་མི་བཟང་གསོ་སྐྱོང་གི་འདུ་འགོད་ལག་བསྟར་བྱས་ཏེ་བསམ་བློ་ཆབ་སྲིད་སློབ་ཚན་འཛུགས་སྐྱོང་དང་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲོས་པར་དུས་མཉམ་དུ་སྐུལ་འདེད་མཐའ་གཅིག་ཏུ་གཏོང་དགོས། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་མ་ལག་ཅན་དང་རིགས་ལམ་ཅན་གྱི་ཞིབ་འཇུག་དང་འགྲེལ་བཤད་ལ་ཤུགས་སྣོན་བརྒྱབ་ནས་རིག་ཚན་ཁག་གི་མཚོན་རྟགས་རང་བཞིན་གྱི་གོ་དོན་དང་གསར་རྩོམ་རང་བཞིན་གྱི་རིགས་པའི་གཞུང་ལུགས་གཙོ་རྐང་དུ་བྱས་པའི་ཀྲུང་གོའི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་རང་བདག་ཤེས་བྱའི་མ་ལག་འཛུགས་དགོས། ལག་ལེན་ལ་བརྟེན་ནས་མི་གསོ་སྐྱོང་དང་དྲ་རྒྱར་བརྟེན་ནས་མི་གསོ་སྐྱོང་བྱེད་པའི་བར་མཐོངས་དང་གཡུལ་ས་རྒྱུན་ཆད་མེད་པར་རྒྱ་སྐྱེད་དུ་གཏོང་དགོས། གཉིས་ནས་སློབ་གསོས་ཚན་རྩལ་དང་ཤེས་ལྡན་པར་འདེགས་སྐྱོར་བྱེད་པའི་ནུས་པ་ཆེ་རུ་གཏོང་དགོས་ཤིང་། སློབ་གསོ་དང་ཚན་རྩལ་ཤེས་ལྡན་པའི་རྒྱུན་འཁོར་བཟང་པོར་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་ཚན་སློབ་ལ་བརྟེན་ནས་རྒྱལ་ཁབ་དར་རྒྱས་གཏོང་བའི་འཐབ་ཇུས་དང་། ཤེས་ལྡན་པར་བརྟེན་ནས་རྒྱལ་ཁབ་སྟོབས་ཆེར་གཏོང་བའི་འཐབ་ཇུས། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་བཅས་ལག་ལེན་བསྟར་བར་སྤྱི་འདོམས་བྱས་ཏེ་སློབ་གསོ་འཕེལ་རྒྱས་དང་། ཚན་རྩལ་གསར་གཏོད། ཤེས་ལྡན་པ་གསོ་སྐྱོང་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་དགོས། ཚན་རྩལ་འཕེལ་རྒྱས་དང་རྒྱལ་ཁབ་ཀྱི་འཐབ་ཇུས་དགོས་མཁོ་ཁྲིད་སྟོན་དུ་བྱས་ཏེ་མཐོ་སློབ་ཀྱི་རིག་ཚན་བཀོད་སྒྲིག་ལེགས་སྒྲིག་ལམ་སྲོལ་དང་ཤེས་ལྡན་པ་གསོ་སྐྱོང་བྱེད་སྟངས་འཐུས་སྒོ་ཚང་དུ་གཏོང་དགོས། མཐོ་རིམ་སློབ་གསོའི་བཀོད་པ་ལེགས་སུ་བཏང་ནས་རྒྱལ་ཁབ་ཀྱི་འཐབ་ཇུས་ཤེས་ལྡན་པའི་སྟོབས་ཤུགས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་དགོས། གསུམ་ནས་སློབ་གསོའི་སྤྱི་པའི་ཞབས་ཞུའི་སྤུས་ཚད་དང་ཆུ་ཚད་མཐོ་རུ་གཏོང་དགོས་ཤིང་། མི་དམངས་ལྟེ་བར་འཛིན་པ་མཐའ་འཁྱོངས་ཀྱིས་སློབ་གསོའི་སྤྱི་པའི་ཞབས་ཞུའི་ཀུན་ཕན་རང་བཞིན་དང་། ཁྱབ་ནུས་རང་བཞིན། སྟབས་བདེའི་རང་བཞིན་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ་སློབ་གསོ་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་ལས་མི་དམངས་ཡོངས་ལ་ཕན་པ་སྔར་ལས་མང་བ་དང་སྔར་ལས་དྲང་གཞག་ཐོབ་པར་བྱེད་དགོས། ས་ཁོངས་ཀྱི་སློབ་གསོའི་ཐོན་ཁུངས་བཀོད་སྒྲིག་ལེགས་སུ་གཏོང་བ་དང་། “གཉིས་ཡང”གི་གྲུབ་འབྲས་རྒྱུན་མཐུད་སྲ་བརྟན་དུ་གཏོང་བ། རྒྱལ་ཁབ་ཀྱི་སློབ་གསོ་གྲངས་འཛིན་ཅན་གྱི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པབཅས་བྱས་ནས་ཚེ་གང་སློབ་སྦྱོང་གི་སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་དགོས། བཞི་ནས་དུས་རབས་གསར་པའི་ཆུ་ཚད་མཐོ་བའི་དགེ་རྒན་དཔུང་ཁག་གསོ་སྐྱོང་དང་སྐྱེད་སྲིང་བྱེད་དགོས་ཤིང་། སློབ་གསོ་མཁས་ཅན་གྱི་སྙིང་སྟོབས་ལ་བརྟེན་ནས་དགེ་རྒན་ཧྲག་པོ་གསོ་སྐྱོང་བྱེད་པའི་བྱ་སྤྱོད་ལག་བསྟར་བྱས་ཏེ་དགེ་རྒན་གྱི་ཀུན་སྤྱོད་དང་དགེ་རྒན་གྱི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་དགེ་རྒན་གསོ་སྐྱོང་དང་གསོ་སྦྱོང་གི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས་དགེ་རྒན་ལ་དོ་དམ་དང་ཐོན་ཁུངས་བཀོད་སྒྲིག་ལ་སྤྱི་འདོམས་བྱེད་ལེགས་སུ་གཏོང་དགོས། དགེ་རྒན་གྱི་ཆབ་སྲིད་གནས་བབ་དང་། སྤྱི་ཚོགས་ཀྱི་གནས་བབ། ལས་རིགས་ཀྱི་གནས་བབ་བཅས་མཐོ་རུ་བཏང་སྟེ་དགེ་རྒན་ལ་སྤྱི་ཚོགས་སུ་སྙན་གྲགས་བླ་ན་མེད་པ་ལྡན་པ་དང་སྤྱི་ཚོགས་ཐོག་བརྩི་འཇོག་ཆེ་ཤོས་ཐོབ་པའི་ལས་རིགས་གྲས་ཤིག་ཏུ་འགྱུར་བར་བྱེད་དགོས། ལྔ་ནས་གོ་ལ་ཧྲིལ་པོར་ཤུགས་རྐྱེན་ལྡན་པའི་སློབ་གསོའི་ལྟེ་གནས་གལ་ཆེན་སྐྲུན་དགོས་ཤིང་། སློབ་གསོ་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་པར་སྐུལ་འདེད་གཏིང་ཟབ་བཏང་སྟེ“ནང་དུ་འདྲེན་པ”དང“ཕྱིར་སྐྱོད་པར”སྤྱི་འདོམས་བྱས་ནས་སློབ་གསོའི་ཐད་ཀྱི་རྒྱལ་སྤྱིའི་ཤུགས་རྐྱེན་ཐེབས་ནུས་དང་། འགྲན་རྩོད་ནུས་པ། གཏམ་དབང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། གོ་ལ་ཧྲིལ་པོའི་སློབ་གསོ་བཅོས་སྐྱོང་ལ་ཧུར་ཐག་ཞུགས་ནས་གོ་ལ་ཧྲིལ་པོའི་སློབ་གསོའི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཀྲུང་གོའི་སྟོབས་ཤུགས་དེ་བས་མང་བ་ལེགས་སྐྱེས་འབུལ་དགོས།

    རྩོམ་ཡིག་ནང་ནན་བཤད་གནང་དོན། སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་སྐྲུན་པ་ནི་ཉེ་རབས་ཚུན་དུ་ཀྲུང་ཧྭ་མི་རིགས་ཀྱིས་ཉིན་མཚན་ཀུན་ཏུ་དོན་གཉེར་བྱེད་པའི་མཛེས་སྡུག་ལྡན་པའི་རེ་འདུན་ཞིག་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་སྐྲུན་པར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་སྔོན་ཁྲིད་ལས་འགན་དང་། རྨང་གཞི་བརྟན་པོ། འཐབ་ཇུས་ཀྱི་འདེགས་སྐྱོར་བཅས་རེད། གདེང་ཚོད་བརྟན་པོ་དང་བློ་སྟོབས་ཆེན་པོས་མདུན་སྐྱོད་བྱས་ཏེ་སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་སྐྲུན་པའི་བརྗིད་ཆེའི་དམིགས་ཚད་མངོན་འགྱུར་ཡོང་བར་འབད་འཐབ་ལྷོད་མེད་བྱེད་དགོས།