རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-06-03   རྩོམ་ཁུངས།    མི་དམངས་ཉིན་རེའི་ཚགས་པར།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་29ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《ཐོན་ཁུངས་དང་ཁོར་ཡུག་གི་རྒྱུ་རྐྱེན་གཙོ་བོ་ཁྲོམ་ར་ཅན་གྱི་བཀོད་སྒྲིག་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》(གཤམ་དུ《བསམ་འཆར》ཞེས་བསྡུ་རྒྱུ)བཀྲམ་པ་རེད།
《བསམ་འཆར》ནང་ཐོན་ཁུངས་དང་ཁོར་ཡུག་གི་རྒྱུ་རྐྱེན་གཙོ་བོ་ཁྲོམ་ར་ཅན་གྱི་བཀོད་སྒྲིག་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་ཐཱན་ཕྱིར་འབུད་བྱེད་དབང་དང་། ཆུ་བེད་སྤྱོད་བྱེད་དབང་། བཙོག་འབུད་བྱེད་དབང་སོགས་ཁྲོམ་ར་ཅན་གྱི་ཉོ་ཚོང་ལ་སྐུལ་འདེད་གཏོང་རྒྱུ་ནི་ཐོན་ཁུངས་དང་ཁོར་ཡུག་གི་རྒྱུ་རྐྱེན་གཙོ་བོ་བེད་སྤྱོད་བྱེད་ཚད་མཐོ་རུ་གཏོང་བའི་འགག་རྩའི་བྱེད་ཐབས་ཤིག་ཡིན་ཞེས་བཏོན་ཡོད། ཐོན་ཁུངས་དང་ཁོར་ཡུག་གི་རྒྱུ་རྐྱེན་གཙོ་བོ་ཁྲོམ་ར་ཅན་གྱི་བཀོད་སྒྲིག་བྱེད་ལམ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་ཆེད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མོས་མཐུན་ཐོབ་པ་བརྒྱུད། ད་ལྟ་འབྲེལ་ཡོད་བསམ་འཆར་འདོན་རྒྱུ་ཡིན།
《བསམ་འཆར》གྱི་སྤྱིའི་བླང་བྱ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་དང་། ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་དང་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་དང་དེར་ཤུགས་སྣོན། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས། ནུས་པ་ལྡན་པའི་ཁྲོམ་ར་དང་ཕན་ནུས་ལྡན་པའི་སྲིད་གཞུང་མཐའ་འཁྱོངས། གནད་དོན་ཕྱོགས་སྟོན་དང་རིགས་དབྱེ་ཇུས་བསྟར་མཐའ་འཁྱོངས། དམིགས་ཚད་ཕྱོགས་སྟོན་དང་མཐུན་སྦྱོར་སྐུལ་འདེད་མཐའ་འཁྱོངས། རིམ་པས་གོང་སྤེལ་དང་ཉེན་ཁ་སྔོན་འགོག་མཐའ་འཁྱོངས་བཅས་བྱས་ཏེ། ཐོན་ཁུངས་དང་ཁོར་ཡུག་གི་རྒྱུ་རྐྱེན་གཙོ་བོའི་བགོ་བྱའི་བཅད་འབོར་བགོ་སྤྲོད་དང་། ཁྲོམ་རའི་ཉོ་ཚོང་། ལྟ་སྐུལ་དོ་དམ་སོགས་ཀྱི་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། ཐོན་ཁུངས་དང་ཁོར་ཡུག་གི་རྒྱུ་རྐྱེན་གཙོ་བོའི་ཉོ་ཚོང་ཁྲོམ་ར་འཐུས་སྒོ་ཚང་དུ་གཏོང་བ། དབང་ཆ་དང་འགན་འཁྲི་ཁ་གསལ་བ་དང་། འཁོར་རྒྱུག་བདེ་བླག་ཐུབ་པ། མཐུན་སྦྱོར་ནུས་ཕྱོད་ཆེ་བ་བཅས་ཀྱི་ཐོན་ཁུངས་དང་ཁོར་ཡུག་གི་རྒྱུ་རྐྱེན་གཙོ་བོ་ཁྲོམ་ར་ཅན་གྱི་བཀོད་སྒྲིག་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས། ཐོན་ཁུངས་དང་ཁོར་ཡུག་གི་རྒྱུ་རྐྱེན་གཙོ་བོས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པར་སྐུལ་འདེད་གཏོང་དགོས་པ་དང་། ཐཱན་ཉུང་གཏོང་དང་། སྦགས་བཙོག་ཉུང་གཏོང་། ལྗང་མདོག་རྒྱ་སྐྱེད། འཕར་སྣོན་བཅས་ལ་མཐུན་སྦྱོར་སྐུལ་འདེད་བཏང་སྟེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མགྱོགས་མྱུར་ཕྱོགས་ཡོངས་ནས་ལྗང་མདོག་ཕྱོགས་སྒྱུར་ཡོང་བ་བྱེད་དགོས་པ་དེ་རེད།
དམིགས་ཡུལ་གཙོ་བོ་ནི། 2027ལོར་སླེབས་སྐབས་ཐཱན་ཕྱིར་འབུད་བྱེད་དབང་དང་ཆུ་བེད་སྤྱོད་བྱེད་དབང་གི་ཉོ་ཚོང་ལམ་ལུགས་གཞི་རྩའི་ཆ་ནས་འཐུས་སྒོ་ཚང་དུ་སོང་བ་དང་། སྦགས་བཙོག་ཕྱིར་འབུད་བྱེད་དབང་གི་ཉོ་ཚོང་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་སོང་བ། ནུས་རྒྱུ་གྲོན་ཆུང་ཁྲོམ་ར་ཅན་གྱི་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་སོང་བ། ཐོན་ཁུངས་དང་ཁོར་ཡུག་གི་རྒྱུ་རྐྱེན་གཙོ་བོའི་ཉོ་ཚོང་ཁྲོམ་ར་སྔར་བས་འཁྲུག་ཆ་དོད་དུ་སོང་བ། རིན་གོང་ཆགས་གྲུབ་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་སོང་བ། ཐོན་ཁུངས་དང་ཁོར་ཡུག་གི་རྒྱུ་རྐྱེན་གཙོ་བོ་འཁོར་རྒྱུག་བདེ་བླག་དང་ནུས་ཆེ་བཀོད་སྒྲིག་ལ་སྐུལ་འདེད་གཏོང་བ་དང་ཁྲོམ་རའི་མི་མངོན་པའི་སྟོབས་ཤུགས་འདོན་སྤེལ་གང་ལེགས་བྱས་ནས་འབྲེལ་ཡོད་ཐོན་ཁུངས་དང་ཁོར་ཡུག་གི་དམིགས་ཚད་མངོན་འགྱུར་ལ་འདེགས་སྐྱོར་བྱེད་ནུས་ཆེ་རུ་ནུས་ལྡན་འགྲོ་བ་བཅས་བྱ་རྒྱུ་ཡིན་པ་རེད།