རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-06-03   རྩོམ་ཁུངས།    མི་དམངས་ཉིན་རེའི་ཚགས་པར།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་29ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཀའ་རྒྱར་མཚན་རྟགས་བཀོད་དེ《དམག་དོན་ཚན་ཞིབ་བྱ་དགའི་སྲོལ་ཡིག》ཁྱབ་བསྒྲགས་བྱས་ནས་2025ལོའི་ཟླ་7ཚེས་1ཉིན་ནས་བཟུང་ལག་ལེན་བསྟར་རྒྱུ་ཡིན་པ་རེད།
《སྲོལ་ཡིག》ནང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་ལག་བསྟར་གཏིང་ཟབ་དང་། ཚན་རྩལ་ལ་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བའི་འཐབ་ཇུས་ཕྱོགས་ཡོངས་ནས་ལག་ལེན་བསྟར་རྒྱུའི་བླང་བྱ་དོན་འཁྱོལ། དམག་དོན་ཚན་ཞིབ་བྱ་དགའི་ལམ་ལུགས་སྒྱུར་བཅོས་ཀྱི་གྲུབ་འབྲས་ཕྱོགས་སྡོམ་གཏིང་ཟབ་བཅས་བྱས་ཏེ། དུས་བབ་གསར་པའི་འོག་གི་དམག་དོན་ཚན་ཞིབ་བྱ་དགའི་ལས་དོན་བརྒྱུད་རིམ་ལྡན་པའི་སྒོ་ནས་ཚད་ལྡན་དུ་གཏོང་རྒྱུ་ནི་དམག་དོན་ཚན་ཞིབ་བྱ་དགའི་ལས་དོན་སྤེལ་བའི་གཞི་རྩའི་ཁྲིམས་སྲོལ་དང་གཞི་འཛིན་ས་ཡིན་ཞེས་འཁོད་ཡོད།
《སྲོལ་ཡིག》དེར་ཁྱོན་ལེའུ་8དང་དོན་ཚན་42ཡོད་ཅིང་། དམག་དོན་ཚན་ཞིབ་ལས་དོན་གསར་གཏོད་ལྡན་པའི་སྒོ་ནས་འཕེལ་རྒྱས་གཏོང་བ་དང་དམག་འཐབ་ལ་ཕྱོགས་པ་དང་དངོས་འཐབ་ལ་ཞབས་འདེགས་ཞུ་བའི་དུས་བབ་དང་ལས་འགན་གྱི་དགོས་མཁོ་དང་འཚམ་པར་བྱས་ཏེ། དམག་འཐབ་ཀྱི་ནུས་པ་ཞེས་པའི་གཞི་རྩའི་ཚད་གཞི་འབའ་ཞིག་དེ་མངོན་གསལ་དོད་པོས་བཏོན་ནས། དམག་དོན་གྱི་ཁྱད་ཆོས་མངོན་གསལ་དོད་པ་དང་། གྲུབ་ཚུལ་དང་རིམ་པ་ལུགས་དང་མཐུན་པ། གདེང་འཇོག་ཚད་གཞི་ཚན་རིག་དང་མཐུན་པ། རྒྱལ་ཁབ་དང་དམག་དཔུང་གི་འཐབ་ཇུས་གལ་ཆེན་གྱི་དགོས་མཁོ་དང་ཟུང་འབྲེལ་དམ་ཟབ་ཐུབ་པ་བཅས་ཀྱི་དམག་དོན་ཚན་ཞིབ་བྱ་དགའི་མ་ལག་སྒྲིག་བཟོ་བྱས་པ་དང་། འགན་འཁྲི་ཁ་གསལ་ཞིང་གོ་རིམ་ནན་ལ་ཞིབ་ཚགས་པའི་རྩ་འཛུགས་དོ་དམ་བྱེད་སྟངས་གཏན་འཁེལ་བྱས་པ། བྱ་དགའ་འོས་སྦྱོར་དང་། དཔྱད་ཞིབ། བྱ་དགའ་སྤྲོད་པ། བསམ་འཆར་མི་མཐུན་པ་ཐག་གཅོད་སོགས་བརྒྱུད་རིམ་ཧྲིལ་པོའི་ལས་དོན་ཚད་ལྡན་དུ་བཏང་བ། སྤྱོད་ཚུལ་སྒྲིག་ལམ་དང་། འགན་འཁྲི་བདའ་འདེད་ཐག་གཅོད། གསང་སྲུང་དོ་དམ་སོགས་ཀྱི་འབྲེལ་ཡོད་བླང་བྱ་འཐུས་སྒོ་ཚང་དུ་བཏང་བ་མ་ཟད། ད་དུང་འབྲེལ་ཡོད་སྤྱད་འཐུས་སྣང་ཚུལ་ཁ་གསལ་བཟོས་ཡོད། 《སྲོལ་ཡིག》ཁྱབ་བསྒྲགས་བྱས་ནས་ལག་བསྟར་བྱེད་པ་དེ་ལས་དམག་དོན་ཚན་ཞིབ་བྱ་དགའི་ལས་དོན་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བར་ལམ་ལུགས་ཀྱི་འགན་སྲུང་བྱས་ཤིང་། དམག་དོན་ཚན་ཞིབ་གསར་གཏོད་ཀྱི་གསོན་ཤུགས་འཕེལ་བ་དང་། དམག་དོན་རིགས་པའི་གཞུང་ལུགས་དང་རྒྱལ་སྲུང་ཚན་རྩལ་གསར་གཏོད་ཀྱི་གོམ་སྟབས་མགྱོགས་སུ་གཏོང་བ། སྤུས་ཚད་མཐོ་བའི་ཚན་རྩལ་མཁོ་སྤྲོད་ལ་བརྟེན་ནས་དུས་རབས་གསར་པའི་དམག་དཔུང་སྟོབས་ཆེར་གཏོང་རྒྱུའི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་བཅས་ལ་ཕན་ཐོགས་ཡོད་པ་རེད།