རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-05-19   རྩོམ་ཁུངས།    མི་དམངས་ཉིན་རེའི་ཚགས་པར།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་17ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་འགོ་གཙོའི་ལས་འཛིན་ལྷན་ཚོགས་ཚོགས་འདུའི་རེས་སྐོར་ཀྲུའུ་ཞི་ཡིན་པའི་དབྱི་རག་གི་ཙུང་ཐུང་ལཱ་ཤིས་ཏེ་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ནས། ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་འགོ་གཙོའི་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་སྐབས་སོ་བཞི་པ་གྲོང་ཁྱེར་པ་ཀ་ཏ་རུ་འཚོགས་པར་རྟེན་འབྲེལ་ཞུས་པ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། ཨ་རབ་རྒྱལ་ཁབ་མནའ་འབྲེལ་བཙུགས་ནས་ལོ་80སོང་ཚུན། ཨ་རབ་འཛམ་གླིང་མཉམ་འབྲེལ་གྱིས་རང་སྟོབས་རང་འཕེལ་ཡོང་བར་སྐུལ་འདེད་གཏོང་བ་དང་། ཨ་རབ་རྒྱལ་ཁབ་ཀྱི་ཐུན་མོང་སྐད་སྒྲ་ཧུར་ཐག་བསྒྲགས་ནས་འཛམ་གླིང་དབུས་ཤར་ས་ཁུལ་གྱི་ཞི་བདེ་དང་། བརྟན་ལྷིང་། དར་རྒྱས་བཅས་ལ་སྐུལ་འདེད་གཏོང་བར་ཐོག་མཐའ་བར་གསུམ་དུ་གཞོལ་བཞིན་ཡོད། དེང་སྐབས། འཛམ་གླིང་ལ་ལོ་བརྒྱའི་འགྱུར་ལྡོག་མགྱོགས་མྱུར་འགྲོ་བཞིན་ཡོད་པ་དང་། འཛམ་གླིང་དབུས་ཤར་ས་ཁུལ་གྱི་དུས་བབ་རྙོག་འཛིང་ཆེ་བའི་འགྱུར་ལྡོག་འགྲོ་བཞིན་ཡོད་པས། ཨ་རབ་རྒྱལ་ཁབ་ཀྱིས་རང་ཚུགས་རང་བདག་མཐའ་འཁྱོངས་བྱེད་པ་དང་། འཕེལ་རྒྱས་དར་རྒྱས་ལ་སྐུལ་འདེད་གཏོང་བ། དྲང་གཞག་དྲང་བདེན་སྲུང་སྐྱོང་བཅས་བྱས་ཏེ། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་ཟིལ་ཤུགས་ཆེ་རུ་གཏོང་བར་དགེ་མཚན་ལྡན་པའི་ནུས་པ་བཏོན་ཡོད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཉེ་བའི་ལོ་ཤས་རིང་། ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་དབར་གྱི་འབྲེལ་བ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་མཐུན་སྒྲིལ་མཉམ་ལས་བྱེད་པའི་མིག་དཔེ་སྟོན་ཡོད། 2022ལོའི་ཟླ་12པར། ང་དང་ཨ་རབ་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་མཉམ་དུ་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་དབུ་ཚོགས་སྐབས་དང་པོར་ཞུགས་ནས། དུས་རབས་གསར་པར་ཕྱོགས་པའི་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་ནུས་ཤུགས་ཡོད་རྒུས་འཛུགས་པའི་མོས་མཐུན་མགྲིན་གཅིག་ཏུ་བྱུང་སོང་། 2026ལོར། ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་དབུ་ཚོགས་སྐབས་གཉིས་པ་ཀྲུང་གོར་འཚོག་རྒྱུ་ཡིན་པ་འདི་ཀྲུང་གོ་དང་ཨ་རབ་ཀྱི་འབྲེལ་བའི་ལོ་རྒྱུས་ཐོག་གི་ལམ་ཚད་རྡོ་རིང་གལ་ཆེན་གཞན་ཞིག་ཏུ་འགྱུར་བའི་ཡིད་ཆེས་ཡོད། ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་གཉིས་པོས་འཐབ་ཇུས་ཀྱི་མཐོ་ཚད་དང་ཕུགས་ཀྱི་ལྟ་ཕྱོགས་ནས་ཕན་ཚུན་དབར་གྱི་འབྲེལ་བར་ལྟ་སྟངས་འཛིན་རྒྱུ་མཐའ་འཁྱོངས་བྱེད་ཀྱི་ཡོད། འབྱུང་འགྱུར་ལ་ཕྱོགས་སྐབས། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཨ་རབ་རྒྱལ་ཁབ་ཀྱི་བློས་འགེལ་ཆོག་པའི་གྲོགས་པོ་དང་རོགས་ཟླ་ཞིག་བྱས་ཏེ། ཨ་རབ་རྒྱལ་ཁབ་ཀྱི་དྲང་བདེན་བྱ་གཞག་གི་ཕྱོགས་སུ་བརྟན་པོར་ལངས་ཀྱི་ཡིན། ཀྲུང་གོས་ཨ་རབ་རྒྱལ་ཁབ་དང་མཉམ་དུ་འབད་བརྩོན་བྱས་ནས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཟབ་ཏུ་གཏོང་བ་དང་། གཉིས་ཕན་མཉམ་ལས་ལ་སྐུལ་འདེད་གཏོང་བ། མི་ཆོས་རིག་གནས་སྤེལ་རེས་ཟབ་ཏུ་གཏོང་བ། རང་རང་སོ་སོའི་དེང་རབས་ཅན་གྱི་འགྲོ་ལམ་ཐོག་ལག་གདང་སྦྲེལ་ནས་མདུན་དུ་སྐྱོད་པ་བཅས་བྱས་ཏེ། ཆུ་ཚད་དེ་བས་མཐོ་བའི་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་འདོད་ཡོད།