རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-05-12   རྩོམ་ཁུངས།    མི་དམངས་ཉིན་རེའི་ཚགས་པར།
འདི་ནི་ས་གནས་དེ་གའི་དུས་ཚོད་ཟླ་5ཚེས་9ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་མོ་སི་ཁོར་སུའུ་ལེན་གྱི་རླབས་ཆེན་རྒྱལ་སྲུང་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་80འཁོར་བར་དྲན་གསོ་ཞུ་བའི་རྟེན་འབྲེལ་མཛད་སྒོར་ཞུགས་རིང་ཁུ་པའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཏི་ཡ་སི-ཁ་ནེར་དང་མཇལ་འཛོམས་གནང་བཞིན་པ།
འདི་ག་ཚགས་པར་ཁང་དུ་མོ་སི་ཁོ་ནས་ཟླ་5ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་5ཚེས་9ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་མོ་སི་ཁོ་རུ་སུའུ་ལེན་གྱི་རླབས་ཆེན་རྒྱལ་སྲུང་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་80འཁོར་བར་དྲན་གསོ་ཞུ་བའི་རྟེན་འབྲེལ་མཛད་སྒོར་ཞུགས་རིང་ཁུ་པའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཏི་ཡ་སི-ཁ་ནེར་དང་མཇལ་འཛོམས་གནང་བ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། ཉེ་བའི་ལོ་ཤས་རིང་། ངས་བློ་མཐུན་ཀྲུའུ་ཞི་དང་ཐུག་འཕྲད་ཐེངས་མང་བྱས་ཤིང་ཀྲུང་གོ་དང་ཁུ་པའི་འབྲེལ་བ་དེ་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་དེ་བས་གཏིང་ཟབ་དང་། འཐབ་ཇུས་མཉམ་ལས་ཐད་དེ་བས་དམ་ཟབ། དམངས་འདོད་རྨང་གཞིའི་ཐད་དེ་བས་སྲ་བརྟན་བཅས་ཀྱི་དུས་མཚམས་གསར་པར་སླེབས་པར་ཐུན་མོང་ཐོག་སྣེ་ཁྲིད་བྱས་ཡོད། འདི་ལོ་ནི་ཀྲུང་གོ་དང་ཁུ་པའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་65འཁོར་བའི་ལོ་ཞིག་ཡིན་པས། ཀྲུང་གོ་ཕྱོགས་ཀྱིས་ཁུ་པ་ཕྱོགས་དང་མཉམ་དུ་མཛའ་གྲོགས་བློས་ཐུབ་སྔར་བས་ཟབ་ཏུ་གཏོང་བ་དང་། དེ་བས་དམ་ཟབ་ཀྱི་ཀྲུང་གོ་དང་ཁུ་པའི་ལས་དབང་གཅིག་མཐུན་ཚོགས་པ་བཙུགས་ཏེ་སྤྱི་ཚོགས་རིང་ལུགས་རྒྱལ་ཁབ་ཀྱི་མཐུན་སྒྲིལ་མཉམ་ལས་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཟོལ་མེད་རོགས་རེས་ཀྱི་མིག་དཔེ་གཏོད་འདོད་ཡོད། ཕྱོགས་གཉིས་པོས་རིམ་པ་ཁག་གི་འགྲོ་འོང་དང་ཁྱབ་ཁོངས་ཁག་གི་མཉམ་ལས་སྔར་བས་གཏིང་ཟབ་དང་ཏན་ཏིག་ཡོང་བར་སྐུལ་འདེད་བཏང་སྟེ། ཆུ་ཚད་མཐོ་བའི་ཆབ་སྲིད་ཐད་ཀྱི་ཕན་ཚུན་ཡིད་ཆེས་དེ་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་དང་ཁུ་པ་ཏང་གཉིས་དང་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་མཚོན་རྟགས་མངོན་གསལ་དོད་པོ་ཞིག་ཏུ་འགྱུར་བར་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཁུ་པ་རྒྱལ་ཁབ་ཀྱི་བདག་དབང་སྲུང་སྐྱོབ་དང་། ཕྱི་ཕྱོགས་ཀྱི་ཐེ་ཇུས་དང་བཀག་སྡོམ་ལ་ངོ་རྒོལ། ཁུ་པའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བཅས་བྱེད་པར་རྒྱབ་སྐྱོར་བརྟན་པོ་བྱེད་ཀྱི་ཡོད། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་ཁོངས་མི་གལ་ཆེན་ཞིག་ཡིན་པའི་ངོས་ནས་ཕྱོགས་གཉིས་པོས་འབོ་གསེར་དང་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་གླེང་སྟེགས་སོགས་ཀྱི་སྒྲོམ་གཞིའི་ནང་མཐུན་སྦྱོར་དང་གཞོགས་འདེགས་བྱེད་ཤུགས་ཆེ་རུ་བཏང་ནས་བཙན་དབང་ཆབ་སྲིད་དང་ཕྱོགས་རྐྱང་པའི་བཙན་ཤེད་ལ་ངོ་རྒོལ་བྱས་ནས་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་སྐྱོང་བྱེད་དགོས།