རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-05-09   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
ཟླ་5ཚེས་7ཉིན་གྱི་དགོང་མོར་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཁུལ་དཔོན་ཀྲང་ཝེ་ཏུང་གིས་ཞིང་འབྲེལ་ཁྱབ་ཁོངས་ཀྱི་དམངས་གཉེར་ཁེ་ལས་པ་འཐུས་མི་8དང་མཉམ་དུ་མཚན་མོའི་གླེང་མོལ་བྱས་ནས་ཞིང་འབྲེལ་ཁེ་ལས་ཀྱི་དཀའ་ངལ་སེལ་རོགས་བྱས་པ་རེད། ཀྲང་ཝེ་ཏུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་ལ་རྟོག་ཞིབ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ། ཁེ་ལས་མཁས་ཅན་གྱི་སྙིང་སྟོབས་དར་སྤེལ་གཏོང་བ་བཅས་བྱས་ནས་རང་ཁུལ་གྱི་ས་མཐོའི་ཁྱད་ལྡན་ཞིང་ལས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཞུས་སི་སི་ཚོགས་འདུར་ཞུགས་ཡོད།
ཀྲང་ཝེ་ཏུང་གིས་ཞིང་འབྲེལ་ཁེ་ལས་ནི་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཡིན་ལ། འཛམ་གླིང་གི་སེམས་ཀྱི་ཉི་ཟླ་འཛུགས་སྐྲུན་བྱེད་པའི་འགག་རྩའི་འདེགས་སྐྱོར་ཞིག་ཀྱང་རེད། ད་ཐེངས་ཀྱི་བཞུགས་མོལ་ཚོགས་འདུ་ནི་ཁུལ་སྲིད་གཞུང་གིས་དམངས་གཉེར་ཁེ་ལས་ཀྱི་བཞུགས་མོལ་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ་ཞིང་འབྲེལ་ཁེ་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཀྱང་རེད། སྲིད་གཞུང་སྡེ་ཚན་གྱིས་ཁེ་ལས་དང་ཕྱོགས་གཉིས་དབར་ཤུགས་སྣོན་བརྒྱབ་ནས་འཕེལ་རྒྱས་ཀྱི་དཀའ་གནད་ཐུན་མོང་ཐོག་སེལ་བ་དང་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་དགོས་ཞེས་གསུངས་པ་རེད།
ཀྲང་ཝེ་ཏུང་གིས་རིམ་ཁག་སྡེ་ཚན་གྱིས་ཞབས་ཞུའི་འདུ་ཤེས་ཟབ་ཏུ་གཏོང་བ་དང་སྡེ་ཚན་མང་པོས་རྒྱུ་རྐྱེན་གཙོ་བོའི་འགན་ལེན་དང་། ཁྲོམ་ར་རྒྱ་བསྐྱེད། ཁེ་ལས་ཀྱི་མ་དངུལ་བསྡུ་སྒྲིལ་སོགས་ཀྱི་དཀའ་གནད་མཐུན་སྦྱོར་ཐག་གཅོད་བྱེད་དགོས། ནོར་སྲིད་སྡེ་ཚན་གྱིས་ཞིང་འབྲེལ་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་གནད་སྨིན་བྱས་ཏེ་སྲིད་ཇུས་ཀྱི་ཁེ་སྤོགས་ཐད་ཀར་ཁེ་ལས་ལ་སྤྲོད་ཐུབ་པའི་འགན་ལེན་བྱེད་དགོས། ཞིང་ལས་སྡེ་ཚན་གྱིས་ལག་རྩལ་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། ཐོན་སྐྱེད་དང་ཕྱིར་ཚོང་གི་ཆ་འཕྲིན་མཉམ་སྤྱོད་ལས་སྟེགས་བསྐྲུན་དགོས། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཚན་གྱིས་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་རྩལ་ནུས་གསོ་སྦྱོང་བྱས་ཏེ་ལས་མི་སྤྱོད་པའི་གྲུབ་ཆའི་རང་བཞིན་གྱི་འགལ་བ་སེལ་དགོས། མཐུན་སྦྱོར་མཉམ་འགུལ་ཟབ་ཏུ་གཏོང་བ་དང་། རང་བྱུང་ཐོན་ཁུངས་དང་ནགས་ལས་དང་རྩྭ་ཐང་སྡེ་ཚན་སོགས་གྱིས་ས་ཆ་སྤྱོད་པའི་ཞིབ་མཆན་བརྒྱུད་རིམ་སྟབས་བདེ་རུ་གཏོང་བ། ཚོང་དོན་སྡེ་ཚན་གྱིས་དེང་རབས་ཅན་གྱི་ཞིང་ལས་ཐོན་རྫས་འཁོར་རྒྱུག་མ་ལག་གང་མགྱོགས་འཛུགས་པ། དངུལ་ཁང་སོགས་དངུལ་རྩའི་ལས་ཁུངས་ཀྱིས་དངུལ་རྩའི་ཐོན་རྫས་དང་ཞབས་ཞུ་གསར་གཏོད་བྱས་ནས་ཁེ་ལས་འཕེལ་རྒྱས་འགྲོ་རྒྱུར་དངུལ་རྩའི་རྒྱབ་སྐྱོར་ནུས་ལྡན་བྱེད་དགོས། ཚོང་རའི་སྒྲིག་ལམ་ཚད་ལྡན་དུ་གཏོང་བ་དང་། ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་ཉེན་མེད་ཡོང་བར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། རིན་གོང་ལ་ཚོད་འཛིན་བྱེད་པ་སོགས་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེག་དྲག་པོ་གཏོང་བ། དྲང་གཞག་ངང་འགྲན་རྩོད་བྱེད་པའི་ཚོང་རའི་ཁོར་ཡུག་སྐྲུན་པ་བཅས་བྱ་དགོས། “གཉེན་ཉེ་”དང་“གཙང་མ་”ཡི་སྲིད་ཚོང་འབྲེལ་བ་གསར་པ་རྒྱུན་མཐུད་ངང་འཛུགས་པ་དང་། སྲིད་གཞུང་སྡེ་ཁག་གིས་སྒྲིག་ཁྲིམས་ཀྱི་གཞི་ཐིག་དམ་སྲུང་དང་རང་འགུལ་ངང་མདུན་གྲལ་དུ་ཞབས་འདེགས་ཞུ་དགོས། ཁེ་ལས་པས་ཁྲིམས་སྐྱོང་གི་གཞི་ཐིག་བརྟན་སྲུང་བྱས་ཏེ་སེམས་ཤུགས་ཚན་རྩལ་གསར་གཏོད་དང་ཚོང་ར་གསར་འབྱེད་སོགས་ཀྱི་ཁྱབ་ཁོངས་སུ་གཅིག་སྡུད་བྱེད་དགོས་ཞེས་བླང་བྱ་བཏོན་པ།
ཀྲང་ཝེ་ཏུང་གིས་ཁེ་ལས་མཁས་ཅན་གྱིས་དུས་རབས་གསར་པའི་ཁེ་ལས་མཁས་ཅན་གྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། འཕེལ་རྒྱས་ཀྱི་ཡིད་ཆེས་བརྟན་དུ་གཏོང་བ། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་གོ་སྐབས་དམ་འཛིན་བྱེད་པ། ཞིང་འབྲེལ་ཆེད་དོན་སྲིད་ཇུས་བེད་སྤྱོད་ཡག་པོ་གཏོང་བ་བཅས་བྱས་ཏེ་ས་མཐོའི་སྣོད་བཅུད་ཀྱི་ལེགས་ཆ་དེ་ཐོན་ལས་ཀྱི་ལེགས་ཆར་འགྱུར་བ་བྱེད་དགོས་པ་དང་། ཚན་རྩལ་གྱི་འཇོན་ཐང་ཆེ་རུ་གཏོང་བ་དང་། རིགས་གཅིག་མཁས་ཅན་ཚོགས་པའི་ལག་རྩལ་ཞབས་ཞུའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཁེ་ལས་ཀྱི་ལྟེ་བའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བ་བཅས་བྱེད་དགོས། སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་སེམས་སྔར་བས་ཆེ་རུ་གཏོང་བ་དང་སྤྱི་ཚོགས་ཀྱི་འགན་འཁྲི་ལག་བསྟར་ཧུར་ཐག་བྱས་ཏེ་ཞིང་པར་འབབ་འཕར་ཕྱུག་འགྱུར་དང་། ལས་ཞུགས་ལ་སྐུལ་འདེད། ཁོར་ཡུག་སྲུང་སྐྱོང་སོགས་ཀྱི་ཐད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་དགོས་པའི་རེ་བ་བཏོན་ཡོད།
ཁུལ་གྱི་འགོ་ཁྲིད་ཞུས་ཀོང་ཏེ་དང་ཀྲོང་ཞའོ་ཕིན། ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་བཞུགས་མོལ་ཚོགས་འདུར་ཞུགས།