ལུ་ནད་སྐོར་གྱི་རྒྱུན་ཤེས་འདི་དག་ལག་བསྟར་བྱས་ན་ཕན་པ་ཆེ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-05-08   རྩོམ་ཁུངས།    ཁམས་པའི་བརྙན་འཕྲིན།

        ལུ་ནད་སྐོར་གྱི་རྒྱུན་ཤེས་འདི་དག་ལག་བསྟར་བྱས་ན་ཕན་པ་ཆེ།

      ནམ་ཟླ་དུས་བཞིར་འགྱུར་ལྡོག་འགྲོ་བའི་སྐབས་སུ་གནམ་གཤིས་དྲོ་གྲང་མི་སྙོམས་པའི་རྐྱེན་གྱིས་མི་མང་པོ་ཞིག་ལ་གློ་ལུ་རྒྱག་པའི་གནས་ཚུལ་འབྱུང་བཞིན་ཡོད་ལ། ད་དུང་ཟླ་བ་རེ་ཙམ་ལུ་མཚམས་མི་ཆད་པ་དང་དྲག་སྐྱེད་མི་ཐུབ་པའི་དཀའ་ངལ་ཡང་ཡོད་པ་རེད།

        གློ་ལུ་རྒྱག་ཚད་ཐམས་ཅད་ཆམ་ནད་ཡིན་ནམ།

        ནད་ཀྱི་འབྱུང་རྐྱེན་ལྟར་གློ་ལུ་ནི་འགོས་ནད་ཀྱི་རིགས་དང་འགོས་ནད་མིན་པའི་རིགས་གཉིས་སུ་དབྱེ་བ་རེད།

        འགོས་ནད་རང་བཞིན་གྱི་གློ་ལུ།

        འགོས་ནད་རང་བཞིན་གྱི་གློ་ལུའི་ནད་ཀྱི་འབྱུང་རྩ་ནི་ནད་དུག་དང་དུག་སྲིན། རྣལ་སྲིན། གེལ་གྱེས་གཞི་ཕུང་སོགས་ནང་འཛུལ་གནོད་སྐྱོན་ལས་བྱུང་བ་ཞིག་ཡིན་ལ། དེས་དབུགས་ལམ་གྱི་གཉན་ཚད་སློང་ནས་གློ་ལུ་རྒྱག་པ་རེད། འགོས་ནད་རང་བཞིན་གྱི་གློ་ལུ་ངན་པ་རྒྱག་དུས་ནད་དུག་དང་། དུག་སྲིན་གྱིས་ནད་ཚབས་ཆེ་ཆུང་མི་འདྲ་བའི་ཆམ་ནད་སློང་གི་ཡོད་པ་རེད། འགོས་ནད་རང་བཞིན་གྱི་གློ་བ་ན་མཁན་རྣམས་ཚ་བ་རྒྱས་པ་དང་། ལུས་ཤུགས་ཉམས་པ། ཤ་གནད་ན་བ་སོགས་ཀྱི་ནད་རྟགས་ཡོད།

        འགོས་ནད་མིན་པའི་གློ་ལུ།

        འགོས་ནད་མིན་པའི་གློ་བ་ལུ་རྒྱག་པ་ནི་ནམ་རྒྱུན་ཚོར་ལོག་གམ་མི་འཕྲོད་པའི་རྐྱེན་གྱིས་ཡིན་པ་རེད། ལྷག་པར་དུ་ཟེའུ་རྡུལ་དང་། ཐལ་རྡུལ། སྤུ་སོགས་ལ་ཚོར་ལོག་ཐེབས་པའམ་མི་འཕྲོད་པའི་མི་རྣམས་ལུ་ནད་ན་སླ་བ་རེད། ད་དུང་ཁོར་ཡུག་གི་རྐྱེན་ཏེ་མཁའ་རླུང་གྲང་མོ་དང་དུ་སྨུག རྫས་རིགས་རྫས་འགྱུར་རླུང་གཟུགས། ཕོ་སྐྱུར་སོགས་ཀྱིས་ཀྱང་འགོས་ནད་མིན་པའི་གློ་ལུ་སློང་བ་རེད།

        རྨོངས་ཚོད་ཀྱིས་ལུ་འཇགས་སྨན་འཐུང་མི་རུང་།

        གློ་ལུ་རྒྱག་པ་ནི་སྲུང་སྐྱོབ་རང་བཞིན་གྱི་རྐྱེན་འགྱུར་ཞིག་ཡིན་ལ། དེས་དབུགས་ལམ་གྱི་ནང་འཛུལ་དངོས་པོ་དང་ཟགས་ཐོན་དངོས་རྫས་དག་གཙང་སེལ་བྱེད་འགྲོ་བས་བཙན་གྱིས་གློ་ལུ་འཇགས་བཅུག་ན་ལུ་ནད་འབྱུང་རྩ་བཅད་མི་ཐུབ་པ་མ་ཟད། གཉན་ཚད་ཚོད་འཛིན་བྱེད་པར་མི་ལེགས་པ་རེད། དེར་བརྟེན་རྨོངས་ཚོད་ཀྱི་གློ་འཇགས་སྨན་འཐུང་མི་རུང་བ་བསྟན།

        ལུད་པ་འབྱར་བག་ཅན་དང་ལུད་པ་ཐོན་དཀའ་བའི་ལུ་ནད་གསོ་བྱེད་ཀྱི་སྨན་སྤྱོད་དེ་ལུད་པ་ཕྱིར་ལ་འདོན་ཐབས་བྱེད་ནས་ལུད་པ་མ་ཐོན་པའི་རྐྱེན་གྱིས་འགོས་སུ་མི་འགྱུར་བ་བྱ་དགོས། གློ་ལུ་ཚབས་ཆེན་རྒྱག་པའི་ནད་པས་གློ་འཇགས་སྨན་འཐུང་ན་ལེགས་པ་རེད། རྒྱུན་ཆད་མེད་པར་གཟའ་འཁོར་བརྒྱད་རིང་དལ་བའི་གློ་ལུ་རྒྱག་མཁན་རྣམས་ཀྱིས་དུས་ཐོག་ཏུ་སྨན་པར་བསྟེན་ཏེ་ནད་རྐྱེན་ཅི་ཡིན་བརྟག་དཔྱད་བྱེད་ནས་སྨན་བཅོས་བྱས་ན་ལེགས་པ་བཤད།

        བྱིས་པ་ཚོས་གློ་སྨན་འཐུང་དུས་གཟབ་གཟབ་བྱ་དགོས།

        ལོ་དྲུག་མན་གྱི་བྱིས་པ་ཚོར་ལུ་འཇགས་སྨན་རྨོངས་ཚོད་ཀྱིས་འཐུང་བཅུག་མི་ཉན། ཁོ་ཚོའི་དབུགས་ལམ་འཚར་ལོངས་བྱུང་ཚར་མེད་པས་གློ་འཇགས་སྨན་གྱིས་ནད་ལོག་སྨན་ལོག་གཏོང་བའམ་མི་འཕྲོད་པ་སོགས་འབྱུང་སྲིད། ཆུ་དྲོ་འཇམ་འཐུང་བའམ། སྦྲང་རྩིས་མིད་པ་སྦངས་པ་སོགས་དངོས་ཁམས་བཅོས་ཐབས་སྤྱད་ན་ལེགས་ཤོས་ཡིན་པ་བསྟན་ཀྱང་། གལ་ཏེ་དྲག་སྐྱེད་ཡག་པོ་མ་བྱུང་ན་སྨན་པའི་ལམ་སྟོན་འོག་སྨན་བཅོས་བྱས་ན་བཟང་།

        གློ་ལུ་རྒྱག་དུས་སྨན་ཁང་དུ་འགྲོ་དགོས་སམ།

        མང་པོ་ཞིག་གིས་གློ་ལུ་ན་བ་ནི་ནད་ཆེན་པོར་མི་བརྩི་པར་ཆུ་དྲོད་པོ་མང་ཙམ་འཐུང་ན་དྲག་འགྲོ་སྣང་ཤར་བ་རེད། སྤྱིར་བཏང་ཡིན་ན་དབུགས་ལམ་འགོས་ནད་ཀྱི་རྐྱེན་པས་གློ་ལུ་ན་བ་ནི་གཟའ་འཁོར་གཅིག་གམ་གཉིས་རིང་ན་བ་རེད། ཆམ་ནད་ཀྱིས་སློང་པའི་གློ་ལུ་ནི་ཆམ་པ་དྲག་སྐྱེད་འགྲོ་བ་དང་བསྟུན་གློ་བ་ལུ་རྒྱུ་ཡང་ཇེ་ཡང་འགྲོ་བ་རེད། འོན་ཀྱང་གཤམ་ཀྱི་ནད་རྟགས་འདི་དག་མངོན་ཡོང་ན་མྱུར་དུ་སྨན་ཁང་དུ་འགྲོ་ན་ལེགས་པ་བཤད།

        གློ་ལུ་རྒྱག་པའི་སྐབས་སུ་ཚ་བ་རྒྱས་པ་དང་། བྲང་གཞུང་གཟེར་བ། དབུགས་འཚང་བ། ཁྲག་འདྲེས་པའི་ལུད་པ་ཐོན་པའམ་ལུད་པ་གར་པོ་མང་པོ་འདོན་པ། ལུས་ཀྱི་ལྗིད་ཚད་ཉམས་ནས་ངལ་དུབ་ཧ་ཅང་ཆེན་པོ་བྱུང་བ།

        གློ་ལུ་ལ་ཕན་པའི་རྒྱུན་ཤེས་འགའ།

        མཁའ་རླུང་སྐོམ་དྲག་མི་ཉན། གྲང་ངར་ཆེ་བའི་ཁོར་ཡུག་གིས་དབུགས་ལམ་ཟུག་གཟེར་སློང་ནས་གློ་ལུ་ན་བ་ཇེ་ངན་དུ་འགྲོ་ཉན་ཡོད་པས་བརླན་ཆས་སྤྱད་ནས་དབུགས་ལམ་གྱི་ཟུག་གཟེར་ཇེ་ཡང་གཏོང་དགོས། ཕྱི་ལ་འགྲོ་དུས་ཁ་རས་གྱོན་ནས་སྐོམ་རླུང་དང་མཁའ་རླུང་གྲང་མོ་དབུགས་ལམ་དུ་མི་འཛུལ་བ་བྱ་དགོས།

        ཆུ་དྲོ་འཇམ་མང་ཙམ་འཐུང་བ།

        ཆུ་དྲོན་པོ་མང་ཙམ་འཐུང་ན་ཁ་ལུད་སླ་རུ་གཏོང་བ་དང་། མིད་པ་མི་བདེ་བར་ཕན་པ་ཡོད། ཆུ་དྲོན་པོ་མང་ཙམ་འཐུང་ན་ལུད་པ་སླ་མོ་ཆགས་ནས་མིད་པ་བདེ་རུ་གཏོང་ཐུབ།

        ཆུ་འདང་ངེས་ཤིག་འཐུང་ཐུབ་ན་རིམས་འགོག་བྱེད་ནུས་ཀྱི་བཏོན་པའི་ཙུའུ་ཨན་འགྱུར་རྫས་འགོག་ཐུབ་པ་མ་ཟད་མིད་པ་སྐྲངས་སྦོས་མི་འགྲོ་བ་དང་། བེ་སྣབས་མི་ཐོན་པར་ཕན་པ་རེད།

        སྦྲང་རྩི་ཉུང་ཙམ་འཐུང་བ།

        སྦྲང་རྩི་ཉུང་ཙམ་འཐུང་ན་མིད་པ་འཇམ་པོ་འགྲོ་བར་ཕན་ལ། ད་དུང་ལུ་འཇགས་ནུས་པའང་ཡོད་པ་རེད།

        གཉིད་སྟངས་ལེགས་པོ་བྱེད་པ།

        གཉིད་སྟངས་བདེ་མོ་བྱེད་པ་དང་སྔས་མགོ་མཐོ་པོ་བཞག་ན་ལུད་པས་དབུགས་ལམ་མི་འཚང་པར་ཕན་པ་བཤད།