རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-10-16   རྩོམ་ཁུངས།    མི་དམངས་ཉིན་རེའི་ཚགས་པར།
ཟླ་10ཚེས་13ཉིན་གྱི་སྔ་དྲོར། པེ་ཅིང་རྒྱལ་ཁབ་གྲོས་ཚོགས་ལྟེ་གནས་སུ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གོ་ལ་ཧྲིལ་པོའི་བུད་མེད་དབུ་ཚོགས་ཀྱི་འགོ་ཚུགས་མཛད་སྒོར་ཞུགས་ནས་བཞེད་དོན་གཙོ་བོའི་གསུང་བཤད་གནང་བ།
ཟླ་10ཚེས་13ཉིན་གྱི་སྔ་དྲོར། པེ་ཅིང་རྒྱལ་ཁབ་གྲོས་ཚོགས་ལྟེ་གནས་སུ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གོ་ལ་ཧྲིལ་པོའི་བུད་མེད་དབུ་ཚོགས་ཀྱི་འགོ་ཚུགས་མཛད་སྒོར་ཞུགས་ནས་བཞེད་དོན་གཙོ་བོའི་གསུང་བཤད་གནང་ཞིང་། འདི་ནི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་ཀྱིས་ཚོགས་འདུར་ཞུགས་པའི་རྒྱལ་ཁབ་ཁག་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱི་སྐུ་ཚབ་ཚོགས་པའི་ཚོགས་གཙོ་སྟངས་དཔྱལ་བཅས་པ་དང་ལྷན་བཞུགས་དྲན་རྟེན་སྐུ་པར་བསྐྱོན་བཞིན་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ཟླ་10ཚེས་13ཉིན་གྱི་སྔ་དྲོར། པེ་ཅིང་རྒྱལ་ཁབ་གྲོས་ཚོགས་ལྟེ་གནས་སུ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གོ་ལ་ཧྲིལ་པོའི་བུད་མེད་དབུ་ཚོགས་ཀྱི་འགོ་ཚུགས་མཛད་སྒོར་ཞུགས་ནས་བཞེད་དོན་གཙོ་བོའི་གསུང་བཤད་གནང་བ་རེད།
འབྲས་ལྡན་དུས་སུ། ནམ་མཁའ་གཡའ་དག་ལ་ས་གཞི་རྡུལ་དག་ཅིང་། རྒྱལ་ཁབ་གྲོས་ཚོགས་ལྟེ་གནས་ཀྱི་ཚོགས་རར་རྒྱལ་ཁབ་ཁག་གི་རྒྱལ་དར་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དར་ཆ་རུ་བསྒྲིགས་པས་བརྗིད་ཉམས་དོད་པོ་ཡོད།
ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་ཀྱིས་ཚོགས་ཞུགས་རྒྱལ་ཁབ་ཁག་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱི་སྐུ་ཚབ་ཚོགས་པའི་ཚོགས་གཙོ་སྟངས་དཔྱལ་བཅས་པར་མཛའ་བརྩེའི་ངང་ཕྱག་བཏང་གནང་བ་དང་འབྲེལ་ལྷན་བཞུགས་དྲན་རྟེན་སྐུ་པར་ཡང་བསྐྱོན་པ་རེད།
སྤྲོ་སེམས་འཁོལ་བའི་དགའ་བསུའི་ཁྲོད། ཞི་ཅིན་ཕིང་གིས《པེ་ཅིང་འཛམ་གླིང་བུད་མེད་ཚོགས་ཆེན་གྱི་སྙིང་སྟོབས་དར་སྤེལ་བཏང་ནས་བུད་མེད་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་བའི་འཕེལ་རིམ་གསར་པ་མགྱོགས་སུ་གཏོང་དགོས》ཞེས་འགོ་བརྗོད་དུ་འཁོད་པའི་བཞེད་དོན་གཙོ་བོའི་གསུང་བཤད་གནང་བ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། བུད་མེད་ནི་མིའི་རིགས་ཀྱི་ཤེས་དཔལ་སྲོལ་གཏོད་པ་དང་། སྐུལ་འདེད་པ། རྒྱུན་འཛིན་པ་བཅས་གལ་ཆེན་ཞིག་ཡིན་པས། བུད་མེད་ཀྱི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་གི་འགན་འཁྲི་ཞིག་རེད། ལོ་ངོ་30ཡི་གོང་པེ་ཅིང་འཛམ་གླིང་བུད་མེད་ཚོགས་ཆེན་ཐོག“བྱ་སྤྱོད་ལ་བརྟེན་ནས་འདྲ་མཉམ་དང་། འཕེལ་རྒྱས། ཞི་བདེ་བཅས་དོན་གཉེར་བྱེད་པའི”བླ་ན་མེད་པའི་དམིགས་ཚད་གཏན་འཁེལ་བྱས་པ་དང་། ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པའི《པེ་ཅིང་གི་བསྒྲགས་གཏམ》དང《བྱ་སྤྱོད་ཀྱི་རྩ་འཛིན》ལ་གྲོས་འཆམ་བྱུང་སྟེ། ཕོ་མོ་འདྲ་མཉམ་དེ་དུས་རབས་ཀྱི་གྲོས་རིམ་ནང་བཅུག་ནས་འཛམ་གླིང་སྐྱེ་བོ་ཀུན་གྱིས་དེའི་ཆེད་རྒྱུན་མཐུད་འབད་འཐབ་བྱེད་པར་སྐུལ་ལྕག་བྱས་པ་རེད། ལོ་ངོ་30ཡི་རིང་། པེ་ཅིང་འཛམ་གླིང་བུད་མེད་ཚོགས་ཆེན་གྱི་སྙིང་སྟོབས་ཀྱི་ཁྲིད་སྟོན་འོག གོ་ལ་ཧྲིལ་པོའི་བུད་མེད་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ནས་མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་ལ་བཀྲག་མདངས་བསྣན་ཡོད། ཕོ་མོ་འདྲ་མཉམ་དོན་གཉེར་བྱེད་པ་དེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཡོངས་ཁྱབ་ཀྱི་ཐུན་མོང་ངོས་འཛིན་ཞིག་ཏུ་གྱུར་པ་དང་བུད་མེད་ལ་དབང་ཆ་སྤྲོད་པར་ཡར་རྒྱས་མངོན་གསལ་དོད་པོ་བྱུང་ཡོད་ལ། བུད་མེད་ལ་སློབ་གསོ་ཐོབ་པའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ནས་དཔལ་འབྱོར་དང་། ཆབ་སྲིད། རིག་གནས། སྤྱི་ཚོགས་འཚོ་བ་བཅས་ཀྱི་ཁྲོད་ནུས་པ་དེ་བས་གལ་ཆེན་འདོན་བཞིན་ཡོད། ཕུལ་དུ་བྱུང་བའི་བུད་མེད་འབོར་ཆེན་ཞིག་རྒྱལ་སྤྱིའི་གར་སྟེགས་ཐོག་བསྐྱོད་དེ་ངོ་མཚར་ཆེ་བའི་མི་ཚེའི་རིན་ཐང་མངོན་འགྱུར་དང་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཡོད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། མིག་སྔར། བུད་མེད་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བར་སྔར་བཞིན་རྙོག་འཛིང་ཆེ་བའི་འགྲན་སློང་འཕྲད་ཡོད་པས། ཕོ་མོ་འདྲ་མཉམ་མངོན་འགྱུར་བྱེད་པའི་ལས་འགན་ལྕི་ཞིང་ལམ་ཐག་རིང་པོ་ཡོད། འབྱུང་འགྱུར་ལ་རྒྱང་ལྟ་བྱས་ན་ཕྱོགས་ཁག་གིས་པེ་ཅིང་འཛམ་གླིང་བུད་མེད་ཚོགས་ཆེན་གྱི་ཐོག་མའི་བསམ་འདུན་ལ་བསྐྱར་དྲན་བྱས་ཏེ་བུད་མེད་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བའི་འཕེལ་རིམ་གསར་པ་མགྱོགས་སུ་གཏོང་ཆེད་དེ་བས་རྒྱ་ཁྱབ་ཀྱི་ཐུན་མོང་ངོས་འཛིན་གཅིག་སྒྲིལ་དང་། དེ་བས་ཡངས་པའི་འགྲོ་ལམ་གསར་གཏོད། དེ་བས་དངོས་སྒྲུབ་ཀྱི་བྱ་སྤྱོད་སྤེལ་བ་བཅས་བྱེད་དགོས། ཞི་ཅིན་ཕིང་གིས་གྲོས་འགོ་ཁག་བཞི་བཏོན་གནང་བ་སྟེ།
དང་པོ། བུད་མེད་འཚར་ལོངས་དང་འཕེལ་རྒྱས་ཡོང་བར་ཕན་པའི་ཁོར་ཡུག་བཟང་པོ་ཐུན་མོང་ཐོག་གཏོད་དགོས་ཤིང་། ཐུན་མོང་དང་། ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུད་ཆོག་པ་བཅས་ཀྱི་བདེ་འཇགས་ལྟ་བ་རྒྱུན་འཁྱོངས་བྱས་ནས་འཛམ་གླིང་ཞི་བདེ་སྲུང་སྐྱོང་བྱེད་དགོས། དམག་འཁྲུག་གདོང་ཐུག་དང་དབུལ་ཕོངས་དང་གནོད་འཚེའི་ཁུལ་གྱི་བུད་མེད་དང་ན་ཆུང་བུ་མོ་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། གཏུམ་སྤྱོད་ལ་ངོ་རྒོལ་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་བུད་མེད་ལ་དམིགས་པའི་གཏུམ་སྤྱོད་ཀྱི་བྱེད་སྤྱོད་མཐའ་དག་ལ་རྡུང་རྡེག་མཐའ་གཅིག་ཏུ་གཏོང་དགོས།
གཉིས་པ། བུད་མེད་ཀྱི་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོ་ཐུན་མོང་ཐོག་སྐྱེད་སྲིང་བྱེད་དགོས་ཤིང་། གོ་ལ་ཧྲིལ་པོའི་བུད་མེད་འཕེལ་རྒྱས་དོ་མི་མཉམ་ཞིང་གང་ལེགས་མ་བྱུང་བའི་གནད་དོན་ཐག་གཅོད་ནུས་ལྡན་བྱས་ཏེ་བུད་མེད་ཡོངས་ཀྱིས་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་གྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པ་བྱེད་དགོས། ཚན་རྩལ་གསར་གཏོད་ཀྱིས་བུད་མེད་ཀྱི་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མཐུན་རྐྱེན་སྦྱར་ནས་རྒྱ་ཆེའི་བུད་མེད་རྣམས་འཛམ་གླིང་དེང་རབས་ཅན་གྱི་རླབས་རྒྱུན་ཆེན་པོའི་ཁྲོད་མི་ཚེར་གཟི་བརྗིད་ལྡན་པ་དང་ཕུགས་འདུན་མངོན་འགྱུར་ཡོང་བར་བྱེད་དགོས།
གསུམ་པ། བུད་མེད་ཀྱི་ཁེ་དབང་འགན་སྲུང་བྱེད་པའི་བཅོས་སྐྱོང་རྣམ་པ་ཐུན་མོང་ཐོག་གཏོད་དགོས་ཤིང་། ལམ་ལུགས་དང་བཅའ་ཁྲིམས་འཐུས་སྒོ་ཚང་དུ་བཏང་ནས་སྤུས་ལེགས་ཀྱི་བདེ་ཐང་དང་སློབ་གསོའི་ཐོན་ཁུངས་དེ་བས་མང་བས་བུད་མེད་ཚང་མར་ཕན་པ་ཐོབ་པ་དང་རྒྱ་ཆེའི་བུད་མེད་ཚོས་དེ་བས་ཁྱོན་ཡོངས་དང་དྲང་གཞག་ངང་ཁེ་དབང་ཁག་ལོངས་སུ་སྤྱོད་ཐུབ་པར་བྱེད་དགོས། བསྟུན་མཁས་ཞི་མཐུན་གྱི་སྤྱི་ཚོགས་ཁོར་ཡུག་ཅིག་བསྐྲུན་ནས་བུད་མེད་སྲིད་ཞུགས་སྲིད་གླེང་གི་ཐབས་ལམ་རྒྱ་སྐྱེད་གཏོང་བ་དང་བུད་མེད་ཚོ་རྒྱལ་ཁབ་དང་སྤྱི་ཚོགས་བཅོས་སྐྱོང་ནང་རྒྱ་ཁྱབ་ཞུགས་པར་རྒྱབ་སྐྱོར་བྱས་ཏེ། ཕོ་མོ་འདྲ་མཉམ་ཡོང་བར་སྤྱི་ཚོགས་ཡོངས་ཀྱི་ཤེས་དཔལ་གྱི་ཐུན་མོང་ངོས་འཛིན་དང་བྱ་སྤྱོད་ཀྱི་ཚད་གཞིར་དངོས་སུ་འགྱུར་བར་བྱེད་དགོས།
བཞི་པ། གོ་ལ་ཧྲིལ་པོའི་བུད་མེད་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ལེའུ་གསར་རྐྱང་ཞིག་ཐུན་མོང་ཐོག་རྩོམ་དགོས་ཤིང་། བུད་མེད་ཀྱིས་དུས་རབས་ཀྱི་འགན་འཁྲི་འཁུར་བ་དང་། གོ་ལ་ཧྲིལ་པོའི་བཅོས་སྐྱོང་ནང་གཏིང་ཟབ་ཞུགས་པ། བཅོས་སྐྱོང་གི་གྲུབ་འབྲས་མཉམ་སྤྱོད་བྱེད་པ་བཅས་ལ་རྒྱབ་སྐྱོར་བྱེད་དགོས། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ལྟེ་བའི་ནུས་པ་འདོན་རྒྱུར་རྒྱབ་སྐྱོར་བྱས་ཏེ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་བུད་མེད་ཀྱི་དགོས་མཁོར་དོ་ཁུར་དེ་བས་མང་བ་བྱེད་པ་དང་རྒྱལ་ཁབ་ཁག་གི་བུད་མེད་ལ་མཉམ་ལས་ཀྱི་ལས་སྟེགས་ཡངས་པོ་བསྐྲུན་ཏེ་མཛེས་ཀུན་གཅིག་ཏུ་འདུ་བའི་གསོན་ཉམས་ལྡན་པའི་རྣམ་པ་ཆགས་རྒྱུར་སྐུལ་འདེད་གཏོང་དགོས།
ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོས་བུད་མེད་ཀྱི་བྱ་གཞག་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བརྗིད་ཆེའི་ལག་ལེན་ནང་མཉམ་འདྲེས་མཐའ་འཁྱོངས་བྱས་པས། བུད་མེད་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ཡོད་ལ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཀྲུང་གོའི་བུད་མེད་ཀྱིས“གནམ་ཕྱེད་ཀ་འདེགས་པའི”ནུས་པ་དངོས་སུ་འདོན་བཞིན་ཡོད། ཀྲུང་གོས་རང་ངོས་འཕེལ་རྒྱས་ལ་བརྟེན་ནས་གོ་ལ་ཧྲིལ་པོའི་བུད་མེད་ཀྱི་བྱ་གཞག་ལ་གོ་སྐབས་དང་འགན་སྲུང་མཁོ་འདོན་ཧུར་ཐག་བྱས་ཏེ་རྒྱལ་སྤྱིའི་བུད་མེད་ཀྱི་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་གི་ཡོད། སླད་ཕྱིན་ལོ་ལྔའི་ནང་ཀྲུང་གོ་ཕྱོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་བུད་མེད་ཧྲུའུ་ལ་སླར་ཡང་ཨ་སྒོར་ཁྲི་1000ཞལ་འདེབས་རྒྱག་རྒྱུ་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་དང་ལྷོ་ལྷོ་མཉམ་ལས་ཀྱི་ཐེབས་རྩའི་གྲངས་བཅད་ཨ་སྒོར་དུང་ཕྱུར་1སྤྲད་དེ་རྒྱལ་སྤྱིའི་རྩ་འཛུགས་མཉམ་ལས་ཀྱིས་བུད་མེད་དང་ན་ཆུང་བུ་མོའི་འཕེལ་རྒྱས་མཉམ་ལས་ལ་སྐུལ་འདེད་གཏོང་བའི་རྣམ་གྲངས་ལག་ལེན་བསྟར་རྒྱུ། དམངས་འཚོའི་འཕེལ་རྒྱས་ཁྱབ་ཁོངས་སུ“ཆུང་ལ་མཛེས་པའི”རྣམ་གྲངས་1000ལ་རོགས་སྐྱོར་བྱ་རྒྱུ། བུད་མེད་ཁྲི་5ཀྲུང་གོར་སྤེལ་རེས་ཞིབ་སྦྱོང་བྱེད་པར་གདན་འདྲེན་ཞུ་རྒྱུ། “གོ་ལ་ཧྲིལ་པོའི་བུད་མེད་ཀྱི་འཇོན་ནུས་འཛུགས་སྐྱོང་ལྟེ་གནས”བཙུགས་ནས་ཕུལ་བྱུང་བུད་མེད་ཤེས་ལྡན་མ་དེ་བས་མང་བ་མཉམ་ལས་ངང་གསོ་སྐྱོང་བྱ་རྒྱུ་བཅས་རེད།
ཞི་ཅིན་ཕིང་གིས་མཇུག་ཏུ་ནན་བཤད་གནང་དོན། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ནས་ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་ཁག་དང་མཉམ་དུ་པེ་ཅིང་གི་འཛམ་གླིང་བུད་མེད་ཚོགས་ཆེན་གྱི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བཏང་ནས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་བྱེད་པའི་དམིགས་ཚད་ཕྱོགས་སུ་བུད་མེད་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བའི་འཕེལ་རིམ་གསར་པ་མགྱོགས་སུ་བཏང་སྟེ་མིའི་རིགས་ཀྱི་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཐུན་མོང་ཐོག་གཏོད་འདོད་ཡོད།
འཁྱགས་གླིང་གི་ཙུང་ཐུང་ཐུའོ་མ་སི་ཏུའོ་ཏིར་དང་། ཏོ་སྨི་ནི་ཁན་གྱི་ཙུང་ཐུང་པོ་ཏུན། ཀག་ནའི་ཙུང་ཐུང་མཱ་ཧ་མཱ། མོ་ཙམ་པི་ཁེའི་ཙུང་ལི་ལའེ་ཝེ། སི་རི་ལན་ཁའི་ཙུང་ལི་ཨཱ་མ་ལ་སུའུ་ལི་ཡ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་ལས་དྲུང་ཆེ་གཞོན་པ་ཨཱ་མིང་ན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་གཞོན་པ་དང་བུད་མེད་ཧྲུའུ་ཡི་ལག་བསྟར་ཀྲུའུ་རེན་གཅིག་ལྕོགས་པཱ་ཧུའུ་སི་བཅས་ཀྱིས་སོ་སོར་ཤིས་ཚིག་སྒྲོན་ཞིང་། ཁོང་ཚོས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན་ལ་ཚད་མཐོའི་གདེང་འཇོག་བྱས་པ་དང་། ཀྲུང་གོ་ཕྱོགས་ཀྱིས་ད་ཐེངས་ཀྱི་དབུ་ཚོགས་གཙོ་གཉེར་གནང་བར་ཐུགས་རྗེ་ཆེ་ཞུས་པ་མ་ཟད། ཀྲུང་གོ་ཕྱོགས་ཀྱིས་བཏོན་པའི་གྲོས་འགོ་དང་བྱེད་ཐབས་ལ་དགའ་བསུ་ཡང་ཞུས་པ་རེད། ཕྱོགས་ཁག་གིས། ལོ་ངོ་30ཡི་གོང་པེ་ཅིང་གི་འཛམ་གླིང་བུད་མེད་ཚོགས་ཆེན་ཐོག་གྲོས་འཆམ་བྱུང་བའི《པེ་ཅིང་གི་བསྒྲགས་གཏམ》དང《བྱ་སྤྱོད་རྩ་འཛིན》ལ་དོན་སྙིང་གལ་ཆེན་ལྡན་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཁས་ལེན་རྒྱ་ཁྱབ་ངང་ཐོབ་པ་དེ་ནི་བུད་མེད་ཀྱི་བྱ་གཞག་ཡག་ཐོག་ཡག་བརྩེགས་ཡོང་བར་སྐུལ་འདེད་གཏོང་བའི་ལམ་མཚོན་དཔེ་རིས་ཤིག་རེད། དབུལ་པོའི་གནས་ལས་སྒྲོལ་བ་དང་། ཕོ་མོ་འདྲ་མཉམ་ལ་སྐུལ་འདེད་གཏོང་བ། བུད་མེད་ཀྱི་ཁེ་དབང་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ཀྲུང་གོར་སྤྱིར་བཏང་མིན་པའི་གྲུབ་འབྲས་ཐོབ་པ་དང་ཉམས་མྱོང་ཕུན་སུམ་ཚོགས་པོ་བསགས་ནས། རང་ངོས་ཀྱི་བུད་མེད་ཀྱི་བྱ་གཞག་འཕེལ་རྒྱས་ཡག་པོ་བྱུང་བ་དང་ཆབས་ཅིག འགན་འཁྲི་ཁུར་སེམས་དང་ལས་འགན་སྒྲུབ་སེམས་མངོན་གསལ་དོད་པོ་དང་འགོ་ཁྲིད་ཀྱི་ནུས་པ་ཆེན་པོར་བརྟེན་ནས་འཛམ་གླིང་གི་བུད་མེད་ཀྱི་བྱ་གཞག་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད། མིའི་རིགས་ཀྱི་ཤེས་དཔལ་དང་སྤྱི་ཚོགས་ཡར་ཐོན་ཡོང་བའི་ཁྲོད་བུད་མེད་ཀྱིས་གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་ནུས་པ་འདོན་བཞིན་ཡོད་ལ། ཕོ་མོ་འདྲ་མཉམ་དང་བུད་མེད་འཕེལ་རྒྱས་གཏོང་རྒྱུ་ནི་མིའི་རིགས་ཀྱི་སྤྱི་ཚོགས་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་འགག་རྩའི་རྒྱུ་རྐྱེན་ཞིག་ཀྱང་ཡིན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ད་ཐེངས་ཀྱི་དབུ་ཚོགས་འགོ་འཛུགས་ས་གསར་པར་བྱས་ནས། པེ་ཅིང་གི་འཛམ་གླིང་བུད་མེད་ཚོགས་ཆེན་གྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ། མཉམ་ལས་གཏིང་ཟབ་བྱེད་པ། ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ་བཅས་བྱས་ཏེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་གྲོས་རིམ་མངོན་འགྱུར་ཡོང་བར་སྐུལ་འདེད་བཏང་ནས་གོ་ལ་ཧྲིལ་པོའི་བུད་མེད་ཀྱི་བྱ་གཞག་ལ་འཕེལ་རྒྱས་གསར་པ་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་བྱས་པ་རེད།
དེ་ཉིན་ཉིན་དགུང་ཞི་ཅིན་ཕིང་དང་ཕེང་ལི་ཡོན་རྣམ་གཉིས་ཀྱིས་ཚོགས་ཞུགས་རྒྱལ་སྤྱིའི་སྐུ་མགྲོན་ལ་དགའ་བསུ་ཞུ་བའི་གསོལ་སྟོན་བཤམས་གནང་བ་རེད།
ཚའེ་ཆི་དང་། ཝང་དབྱི། དབྱིན་ལི། ཐེ་ཉིང་། ཧྲེན་གཡོད་གཡོད་སོགས་གོང་གསལ་གྱི་བྱེད་སྒོར་ཞུགས་པ་རེད།
ཧྲེན་དབྱི་ཆིན་གྱིས་འགོ་ཚུགས་མཛད་སྒོ་གཙོ་སྐྱོང་གནང་བ་རེད།