ཕྲུ་གུར་ཁ་པར་རྩེ་རུ་འཇུག་པའི་ཉེས་དམིགས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-10-03   རྩོམ་ཁུངས།    བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།

        ཁྱིམ་བདག་ཁག་གཅིག་ལ་ཕྲུ་གུས་དུས་རྒྱུན་ཁ་པར་ལྟ་བའི་དུས་ཚོད་རིང་མིན་སྐོར་སྐད་ཆ་འདྲི་སྐབས། ཁོང་ཚོས་ཕྲུ་གུས་ཁ་པར་སོགས་ལྟ་རྒྱུར་དགའ་པོ་ཡོད་ཚུལ་གླེང་བ་མ་ཟད། ད་དུང་ཁ་པར་ལ་དབྱིངས་ཚུད་སྐབས་སྐད་ག་ཚོད་བཏང་ཡང་ཁ་ཡ་བྱེད་ཀྱི་མི་འདུག་ཅེས་ཤོད་ཀྱི་ཡོད། དོན་དངོས་ཐོག་ཕྲུ་གུས་ཁ་པར་རྒྱུན་རིང་པོ་བལྟས་ན་སྐད་ཆ་ཤོད་ཁག་པོར་གྱུར་པ་ཁོ་ན་མིན་པར། ཕྲུ་གུའི་བསམ་གཞིག་གི་ནུས་པ་སོགས་ཡག་ཏུ་འགྲོ་བར་སྐྱོན་ཆེན་པོ་ཐེབས་ཀྱི་ཡོད། མིག་སྔ་ནི་རྒྱལ་སྟོན་གྱི་ངལ་གསོ་ཡིན་པས། ཡང་ཕྲུ་གུ་ཁག་གཅིག་ཁ་པར་དང་བརྙན་འཕྲིན་ལ་དབྱིངས་ཚུད་ནས་བསྡད་ཡོད།    དེ་རིང་རྩོམ་སྒྲིག་པས་ཁྱིམ་བདག་ཡོངས་ལ་དུས་ཆེན་ཙམ་མ་ཟད་ནམ་རྒྱུན་ནས་ཕྲུ་གུར་ཁ་པར་ཉུང་ཙམ་སྤྲོད་དགོས་པའི་དྲན་སྐུལ་དང་རེ་བ་ཞུ་རྒྱུ་ཡིན། གཤམ་ལ་ཁ་པར་སོགས་གློག་རྡུལ་ཐོན་རྫས་བལྟས་དྲགས་པའི་སྐྱོན་ཆ་ཁག་གཅིག་ངོ་སྤྲོད་ཞུ་རྒྱུ་ཡིན་པས། ཁྱིམ་བདག་ཚོས་དོ་སྣང་གནང་རོགས།      

        ཁ་པར་སོགས་གློག་རྡུལ་ཐོན་རྫས་ཀྱིས་ཕྲུ་གུར་གནོད་པ་གང་དག་ཡོད་དམ།

        རུས་པ་འཚར་བར་ཤུགས་རྐྱེན་བཟོ་བ།

        བྱིས་དུས་ནི་ཕྲུ་གུའི་གཟུགས་པོའི་རུས་པ་འཚར་ལོངས་ཡོང་དང་ཡོང་བཞིན་པའི་དུས་ཡིན་པ་དང་། ཕྲུ་གུ་མང་པོས་ཁ་པར་ལྟ་སྐབས་མགོ་བོ་སྒུར་ནས་རྩེ་བ་དང་། ཉལ་ཁྲིའི་སྟེང་དུ་ཉལ་ནས་རྩེ་བ། ཡང་ན་གཟུགས་པོ་ཀྱོག་ནས་རྩེ་བ་སོགས་བྱེད་ཀྱི་ཡོད། སྡོད་སྟངས་དེ་དག་གིས་ཕྲུ་གུའི་མཇིང་པ་དང་། ཕྲག་པ། སྒལ་ཚིགས་སོགས་འཚར་ལོངས་ཡོང་བར་སྐྱོན་ཆེན་པོ་བཟོ་གི་ཡོད།

        མིག་ཤེད་ཉམས་པ།

        བྱིས་པའི་མིག་ཤེད་སྙོམ་སྒྲིག་གི་ནུས་པ་ཧ་ཅང་སྐྱོ་པོ་ཡོད་པས། ཁ་པར་སོགས་ཐག་ཉེ་པོས་ཡུན་རིང་པོ་བལྟས་ཚེ། ཕྲུ་གུའི་མིག་སྐྱིར་གནོད་འཚེ་བཟོ་གི་ཡོད།

        རང་གཅུན་གྱི་ནུས་པ་ཤོར་བ།

        ཕྲུ་གུའི་རང་གཅུན་གྱི་ནུས་པ་ཞན་པས། ཕྲུ་གུར་ཁ་པར་སྤྲད་ན་ཁོང་ཚོའི་གཉིད་ཉལ་བ་དང་ཁ་ལག་ཟ་བ་སོགས་ཀྱི་དུས་ཚོད་འཕྲོག་གི་ཡོད་ལ། དེས་རྐྱེན་པས་འཚོ་བའི་གོམས་གཤིས་ལའང་རིམ་བཞིན་འགྱུར་ལྡོག་འགྲོ་གི་ཡོད།

        གཤིས་ཀར་ཤུགས་རྐྱེན་ཐེབས་པ།

        ཡུན་རིང་ཁ་པར་ལ་མགོ་འཁོར་ན། ཕ་མ་བུ་ཕྲུག་དབར་དང་ན་ཟླའི་དབར་འབྲེལ་འདྲིས་ཉུང་དུ་ཕྱིན་ནས། གཞན་དང་ཁ་བརྡ་བྱེད་མི་འདོད་པའམ་མི་དང་མིའི་དབར་འབྲེལ་འདྲིས་བྱེད་པའི་ནུས་པ་རིམ་བཞིན་ཞན་དུ་འགྲོ་གི་ཡོད།

        སེམས་ཁམས་ལ་ཤུགས་རྐྱེན་ཐེབས་པ།

        ཁ་པར་གྱིས་བསྐྲུན་པའི་རྟོག་བཟོའི་འཇིག་རྟེན་ལ་ཡུན་རིང་མགོ་འཁོར་བས། ཕྲུ་གུའི་སེམས་ཁམས་ཀྱི་བདེ་ཐང་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད། ཞིབ་འཇུག་ལས་ཤེས་རྟོགས་བྱུང་བར། ཁ་པར་ལ་དབྱིངས་ཞུགས་མཁན་ཕྲུ་གུ་རྣམས་ན་ཟླ་དང་བསྡུར་ན་གཉིད་ཡག་པོ་མི་ཁུག་པ་དང་རླུང་ལངས་བདེ་བ་སོགས་ཡོད།