རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-10-03   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
འཇོལ་རྫོང་ཀོང་རྩེད་ར་གྲོང་རྡལ་མི་རིགས་མཐུན་སྒྲིལ་ཡར་ཐོན་ཞབས་ཞུའི་ལྟེ་གནས་ཀྱི་ཐོག་ཁང་གཉིས་པའི་སྐོར་བྲོ་ཁྲིད་སྦྱོང་ལྟེ་གནས་སུ་སྲོལ་རྒྱུན་གྱི་རྒྱན་གོས་གྱོན་པའི་མི་རྣམས་ཀྱིས་སྒོར་དབྱིབས་སུ་བསྐོར་ནས་སྐོར་བྲོ་འཁྲབ་བཞིན་ཡོད། སྐྲ་དཀར་པོའི་རྒན་རྒོན་ནས་ལོ་ཆུང་བྱིས་པའི་བར་ཞབས་བྲོའི་གོམ་སྟབས་ཁྲོད་དུ་བཞུར་བ་ནི་ལོ་ངོ་སྟོང་རྒྱུན་མཐུད་བྱེད་པའི་རིག་གནས་ཀྱི་ཁྲག་རྩ་ཡིན། བདེ་ཆེན་སྐོར་བྲོའི་གྲུབ་ཆ་གཙོ་བོ་ཡིན་པའི་ངོས་ནས་ཀོང་རྩེད་རའི་སྐོར་བྲོ་དེ་2006ལོར་རྒྱལ་ཁབ་རིམ་པའི་དངོས་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་བཙུད་པ་རེད། ས་གནས་དེ་གའི་དངོས་མིན་རིག་གནས་ཤུལ་བཞག་རྒྱུད་འཛིན་པས་བརྟན་སྲུང་དང་གསར་གཏོད་ལ་བརྟེན་ནས་གངས་ལྗོངས་མཐོ་སྒང་གི་དངོས་མིན་རིག་གནས་ཤུལ་བཞག་རྒྱུད་འཛིན་གྱི་གསོན་ཉམས་ལྡན་པའི་ལེའུ་རྩོམ་བཞིན་ཡོད།
རྒྱུད་འཛིན་པ། “མི་གྲངས་ཉུང་གིས་ཁོང་དུ་ཆུད་པ་”ནས“དམངས་ཡོངས་ཞུགས་པའི”བར།
ཀོང་རྩེད་ར་གྲོང་རྡལ་དུ་རིམ་པ་ཁག་དང་རིགས་ཁག་གི་དངོས་མིན་རིག་གནས་ཤུལ་བཞག་རྒྱུད་འཛིན་པ་མི་48ཡོད་པ་དང་། དངོས་མིན་རིག་གནས་ཤུལ་བཞག་རྒྱུད་འཛིན་གྱི་འོས་གྲབས་དཔུང་ཁག་གཙོ་བོ་ཆགས་ཡོད་ལ། དེའི་ཁྲོད་དུ་རྒྱལ་ཁབ་རིམ་པའི་རྒྱུད་འཛིན་པ་2དང་ཞིང་ཆེན་རིམ་པའི་རྒྱུད་འཛིན་པ་8 ཁུལ་རིམ་པའི་རྒྱུད་འཛིན་པ་4 རྫོང་རིམ་པའི་རྒྱུད་འཛིན་པ་34བཅས་ཡོད། ཞིང་ཆེན་རིམ་པའི་དངོས་མིན་རིག་གནས་ཤུལ་བཞག་རྒྱུད་འཛིན་པ་ཚེ་རིང་མཚོ་མོ་ནི་ཀོང་རྩེད་ར་གྲོང་རྡལ་དུ་སྐད་གྲགས་ཡོད་པའི་སྐོར་བྲོ་རྒྱུད་འཛིན་པ་ཡིན་ལ། ཉིན་ལྟར་མོ་ལ་སློབ་སྦྱོང་བྱེད་ཡོང་མཁན་རྒྱུན་མི་ཆད་པ་དང་། དགུན་དུས་དང་དབྱར་ཁའི་གུང་གསེང་གི་སྐབས་སུ་སྐོར་བྲོ་སློབ་སྦྱོང་བྱེད་པའི་བྱིས་པ་དེ་བས་མང་། ཡུལ་དངོས་སློབ་སྦྱོང་མ་གཏོགས་མོ་ཡིས་ད་དུང་འཕྲིན་ཕྲན་བརྒྱུད་ནས་སློབ་ཁྲིད་བརྙན་ཐུང་གཏོང་བ་དང་། འདི་ལྟ་བུའི་རྒྱུད་འཛིན་བརྩེ་སེམས་དཔེ་མཚོན་ཁེར་རྐྱང་ཞིག་མིན་ལ། ས་གནས་དེ་གའི་རྒྱུད་འཛིན་པ་ལོ་ལྟར་སྤྱི་ཕན་བྱེད་སྒོ་ཐེངས་10ལྷག་ཞུགས་པ་དང་། དྲ་ཐོག་སློབ་ཁྲིད་དང་། སློབ་གྲྭར་སློབ་ཁྲིད། དམངས་ཕན་འཁྲབ་སྟོན་སོགས་བྱ་ཐབས་སྣ་ཚོགས་བརྒྱུད་ནས་སྲོལ་རྒྱུན་རིག་གནས་རྒྱ་ཆེར་སྤེལ་བ་དང་རྒྱུད་འཛིན་ཧུར་ཐག་བྱེད་ཀྱི་ཡོད། སྲོལ་རྒྱུན་རིག་གནས་ལ་དགའ་ཞེན་བྱེད་པ་ཡིས་དེ་སྔ་མི་ཉུང་ཤས་ཁ་བརྡ་བྱས་ནས་ཁོང་དུ་ཆུད་པའི་སྐོར་བྲོ་དེ་རིམ་བཞིན་གྲོང་རྡལ་ཡོངས་ཀྱི་མང་ཚོགས་ཀྱི་ཐུན་མོང་རྒྱུ་ནོར་དུ་གྱུར་དུ་བཅུག་ཡོད།
རྒྱུད་འཛིན་གསར་གཏོད། ཞིང་ཁ་ནས་གར་སྟེགས་བར་གྱི་ཚད་བརྒལ་ལམ་བུ།
ཀོང་རྩེད་ར་གྲོང་རྡལ་རིག་གནས་ས་ཚིགས་ཀྱི་ལས་བྱེད་མི་སྣ་ཡིས་དེ་སྔ་སྐོར་བྲོ་འཁྲབ་ན་མང་ཆེ་བ་མང་ཚོགས་རང་གིས་སྒྲིག་འཛུགས་བྱས་པ་ཡིན་ལ། ད་ལྟར་ང་ཚོར་རྒྱུད་རིམ་རང་བཞིན་གྱི་རྒྱུད་འཛིན་ལམ་སྲོལ་ཡོད་ཞེས་མཚམས་སྦྱོར་བྱས། གཞོན་ནུ་ལོ་ཆུང་གི་དགུན་དུས་དང་དབྱར་དུས་ཀྱི་གསོ་སྦྱོང་འཛིན་གྲྭ་ཐེངས་རེར་ཉུང་མཐར་ཡང་མི་40ཡོད་པ་དང་། དར་མའི་འཛིན་གྲྭ་ལོ་ལྟར་མཚམས་མི་ཆད་པར་ཡོད། དངོས་མིན་རིག་གནས་ཤུལ་བཞག་སློབ་གྲྭར་ཞུགས་རྒྱུ་གྲོང་རྡལ་ཡོངས་ཀྱི་སློབ་ཆུང་ལ་ཁྱབ་ཡོད་པ་རེད། དེ་བས་དམིགས་བསལ་ཡིན་པ་ཞིག་ནི་སློབ་ཁྲིད་གྲུབ་འབྲས་སྟོན་པ་ལམ་སྲོལ་སྟེ། རིག་གནས་དམག་སྒར་དུ་ཞུགས་པ་དང་། སྡེ་ཁུལ་དམངས་ཕན་འཁྲབ་སྟོན། གྲོང་ཚོའི་དགོང་ཚོགས། དཔྱིད་གསར་དུས་ཆེན་མཉམ་འཛོམས་དགོང་ཚོགས་སོགས་ཀྱིས་སློབ་སྦྱོང་བྱེད་མཁན་སློབ་ཚན་ནས་གར་སྟེགས་ཐོག་འགྲོ་རུ་བཅུག་པ་དེ་རེད།
ལོ་7ལོན་པའི་ཧོ་ཞིན་ཁའེ་ནི་གསོ་སྦྱོང་འཛིན་གྲྭའི་གྲགས་ཅན་ཆུང་ཆུང་ཡིན་ལ། ཁོང་གིས་སྐོར་བྲོའི་གཞས་20ལྷག་དང་ཞབས་བྲོའི་གོམ་སྟབས་སྣ་10ལྷག་ཁོང་དུ་ཆུད་ཡོད། ན་ནིང་གི་དཔྱིད་གསར་དུས་ཆེན་མཉམ་འཛོམས་དགོང་ཚོགས་ཐོག་ཁོང་དང་གྲོགས་པོ་ཚོས་འཁྲབ་སྟོན་བྱས་པའི་སྲོལ་རྒྱུན་གྱི་སྐོར་བྲོ་ཡིས་གར་སྟེགས་ཞབས་ཀྱི་རྒན་པོ་ཚོར་དགའ་སྤྲོའི་མིག་ཆུ་འཁོར་དུ་བཅུག བྱིས་པ་ཚོའི་ཅུང་མཉེན་མོ་ཡིན་པའི་ལེན་ངག་གིས་ཆེད་ལས་འཁྲབ་སྟོན་ལས་དེ་བས་ཡིག་དབང་འཕྲོག་ཞེས་ཡུལ་དངོས་ཀྱི་ལྟད་མོ་བའི་གདེང་འཇོག་ནས་ཀོང་རྩེད་ར་སྐོར་བྲོའི་ཡིག་དབང་འཕྲོག་ཤུགས་མངོན་ཡོད་ལ། དེ་ནི་མཆོར་ཉམས་ལྡན་པའི་འཁྲབ་རྩལ་མི་དགོས་པར་སྲོལ་རྒྱུན་གྱི་རང་མདངས་བརྟན་སྲུང་བྱེད་པ་དེ་ཡིན།
ཀོང་རྩེད་ར་གྲོང་རྡལ་དུ་སྐོར་བྲོའི་རྒྱུད་འཛིན་དེ་སྲོལ་རྒྱུན་གྱི་རྣམ་པར་འདྲ་བཟོ་བྱེད་པ་ཞིག་ཏུ་གཏན་ནས་བསྡད་མེད་པར། སྲོལ་རྒྱུན་གྱི་ནང་ཉིང་བརྟན་སྲུང་བྱེད་པའི་རྨང་གཞི་ཐོག་དུས་རབས་ཀྱི་འཕེལ་རྒྱས་དང་འཚམ་པ་ཞིག་ཡིན། གསར་གཏོད་དེ་རིགས་ནི་ཐོག་མར་གཞུང་འཁྱོངས་དང་གསར་གཏོད་དོ་སྙོམས་ཡོང་བར་བྱེད་པར་མཚོན་ཡོད། རྒྱུད་འཛིན་པའི་རུ་ཁག་གིས་རྩ་བ་གཡུག་མི་རུང་བ་ཤེས་ཏེ་གསར་གཏོད་ཞབས་བྲོའི་གོམ་སྟབས་ཀྱི་མ་དཔེ་ཚང་མ་ས་གནས་དེ་གའི་སྲོལ་རྒྱུན་ཞབས་བྲོའི་གོམ་སྟབས་ནས་བྱུང་བ། ཞབས་བྲོའི་གཞི་རྩའི་གོམ་སྟབས་སྣ་4དང་སྐོར་བྲོའི་གཞས་12ནི་སློབ་སྦྱོང་བྱེད་མཁན་ཚང་མའི་ངེས་སྦྱོང་སློབ་ཚན་ཡིན།
དུས་མཚུངས་སུ། ཕྱི་རོལ་དང་བརྗེ་རེས་བྱེད་པའི་གོམ་པ་མྱུར་དུ་བཏང་ནས་འཁྲབ་རྩལ་འདི་རིག་གནས་ཀྱི་ཕོ་ཉ་ཞིག་ཏུ་གྱུར་བཅུག གྲོང་རྡལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ཞབས་ཞུའི་ལྟེ་གནས་ཀྱིས་སྐོར་བྲོའི་དམངས་ཁྲོད་སྤྱི་ཕན་རུ་ཁག་སྒྲིག་འཛུགས་བྱས་ནས་ཁུལ་ནང་དུ་འཁྲབ་སྟོན་ཐེངས་མང་བྱས་པ་མ་ཟད། ད་དུང་མ་ལེ་ཞི་ཡ་དང་། དབྱིན་ཇི་སོགས་སུ་རིག་གནས་བརྗེ་རེས་བསྐྱོད་པ། ད་ལོའི་ཟླ་8པར་ཀོང་རྩེད་རའི་དྲིན་ཚོར་སྐོར་བྲོ་དང་བླངས་ཞབས་ཞུའི་རྣམ་གྲངས་དེ་ཡུན་ནན་ཞིང་ཆེན་སྐབས་བཞི་པའི་དུས་རབས་གསར་པའི་དཔལ་ཡོན་ལག་ལེན་ཞབས་ཞུའི་རྣམ་གྲངས་མཛོད་དུ་བདམས་པ། གྲོང་རྡལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་སྐོར་བྲོ་འཁྲབ་པའི་ཐབས་ནས་ཏང་ལ་བཀའ་དྲིན་ཞུ་བའི་སེམས་པ་དང་མེས་རྒྱལ་ལ་དགའ་ཞེན་བྱེད་པའི་བརྩེ་སེམས་མཚོན་པ་རེད།
ད་ལྟའི་ཀོང་རྩེད་ར་སྐོར་བྲོ་ནི་སྔ་མོར་གྲོང་ཚོའི་ནང་བཀག་སྡོམ་བྱས་པའི་ཡུལ་ཐོན་ཁྱད་རྫས་ཞིག་མིན་པ། དེ་སློབ་གྲྭའི་སློབ་ཐོགས་ལུས་རྩལ་དུ་བསྐྱོད་པ་སྟེ། སློབ་གྲྭ་ཆུང་འབྲིང་ཁག་གཅིག་གིས་སྟབས་བདེ་ཅན་གྱི་སྐོར་བྲོ་དེ་ལུས་རྩལ་ཀྱི་བྱེད་སྒོའི་གྲས་སུ་བསྒྲིགས་ཡོད། ཉིན་ལྟར་གྱི་སློབ་ཐོགས་ལུས་རྩལ་སྐབས་སྐོར་བྲོའི་དབྱངས་འགྲོས་གྲགས་སྲིད། སྐོར་བྲོ་ད་དུང་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གྱི་བྲུབས་ཆེན་དུ་འདྲེས་ཡོད་པ་སྟེ། ས་གནས་དེ་གའི་དམངས་ཁྱིམ་གྱིས“རྒྱུན་འཛིན་པ་དང་མཉམ་དུ་སྐོར་བྲོ་སློབ་”ཞེས་པའི་ཉམས་ལེན་རྣམ་གྲངས་བཏོན་པ་དང་ཡུལ་སྐོར་བས་དགེ་རྒན་དང་མཉམ་དུ་ཞབས་བྲོ་སློབ་ཆོག་ལ་ས་སྲོད་ཀྱི་ཐང་ཆེན་དུ་ཐུན་མོང་ཞབས་བྲོའི་ནང་ཡང་ཞུགས་ཆོག
“སྔོན་ཆད་རྒྱུན་འཛིན་བྱ་རྒྱུ་ནི་ཉར་ཚགས་བྱ་རྒྱུ་ཡིན་སྙམ་མོད། ད་ལྟར་ཁྱབ་སྤེལ་གཏོང་རྒྱུ་ཡིན་པ་གསལ་པོར་ཤེས་ཡོད་ལ། འཁྲབ་མཁན་དང་སྦྱོང་མཁན། དགའ་ཞེན་བྱེད་མཁན་བཅས་ཡོད་ན་སྐོར་བྲོ་ནི་དུས་རབས་ཀྱི་ས་རྒྱུའི་ནང་དུ་རྩ་བ་ཚུགས་ཐུབ་རྒྱུ་རེད་ཞེས་ཚེ་རིང་མཚོ་མོས་ཐང་ཆེན་དུ་མི་རིགས་ཁག་གི་མང་ཚོགས་ཚོས་སྐོར་བྲོ་འཁྲབ་པའི་རྣམ་པར་བལྟས་ནས་རང་གི་མྱོང་ཚོར་བཤད།