རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-09-18   རྩོམ་ཁུངས།    中国西藏网藏文版
ཀྲུང་གོར་བཙན་འཛུལ་བྱེད་མཁན་གྱི་འཇར་དམག་གི་དཔུང་སྡེ་བདུན་གསུམ་གཅིག(དཔུང་སྡེ731ཅེས་བསྡུས།)ཅེས་པ་བརྗོད་བྱར་བྱས་པའི་གློག་བརྙན《731》ཚེས17ཉིན་ཧའར་པིན་གྲོང་ཁྱེར་དུ་གོ་ལ་ཧྲིལ་པོར་ཐོག་མར་སྟོན་པའི་མཛད་སྒོ་འཚོགས་པ་རེད། འཛམ་གླིང་འཁྲུག་ཆེན་གཉིས་པའི་རིང་། འཇར་པན་གྱི་འབུ་ཕྲའི་དམག་འཐབ་དཔུང་སྡེ་འདིས་ཧའར་པིན་སྒར་ས་ཆེན་པོར་བྱས་ནས་མིའི་རིགས་ལ་ངོ་རྒོལ་བྱེད་པའི་གཏུམ་སྤྱོད་དྲག་པོ་སྤེལ་བ་རེད།
ཀྲུང་གོར་བཙན་འཛུལ་བྱེད་མཁན་གྱི་འཇར་དམག་གིས་འཛམ་གླིང་འཁྲུག་ཆེན་གཉིས་པའི་ཁྲོད་དུ་ཨེ་ཤ་ཡའི་རྒྱལ་ཁབ་མང་པོར་ཁྱབ་པའི་འབུ་ཕྲའི་དམག་འཐབ་མ་ལག་བཙུགས་ཡོད། ཧའར་པིན་གྲོང་ཁྱེར་ཕིང་ཧྥང་ཆུས་སུ་གནས་པའི་དཔུང་སྡེ731གིས“རིམས་འགོག་དང་ཆུ་ཁོངས་གཙང་བཟོ་བྱེད་པའི”མིང་ཐོག་ནས་གསང་བའི་སྒོ་ནས་འབུ་ཕྲའི་མཚོན་ཆ་ཞིབ་བཟོ་བྱེད་པ་དང་མིའི་ལུས་ཕུང་ལ་ཚོད་ལྟ་བྱེད་པ་དེ་ནི་འཇར་པན་གྱིས་འབུ་ཕྲའི་དམག་འཐབ་ཇུས་འགོད་དང་། སྒྲིག་འཛུགས། ལག་བསྟར་བཅས་བྱེད་པའི་སྒར་ས་ཆེན་པོ་ཞིག་རེད།
བསྡོམས་རྩིས་བྱས་པ་ལྟར་ན། 1940ལོ་ནས1945ལོའི་བར། ཉུང་མཐར་ཡང་ཀྲུང་གོ་དང་། སུའུ་ལེན། ཁྲའོ་ཞན་སོགས་རྒྱལ་ཁབ་ནས་ཡོང་བའི་མང་ཚོགས3000“གསོན་ཕུང་ཚོད་ལྟའི་རྒྱུ་ཆར”བྱས་ཡོད། ད་ཆ་དཔུང་སྡེ731གི་རྗེས་ཤུལ་ཚོམ་བུ་ནི་འཛམ་གླིང་དམག་འཁྲུག་གི་ལོ་རྒྱུས་ཐོག་གཞི་ཁྱོན་ཆེ་ཤོས་དང་ཉར་ཚགས་ཆ་ཚང་ཤོས་ཀྱི་འབུ་ཕྲའི་དམག་འཐབ་ཀྱི་རྗེས་ཤུལ་ཚོམ་བུ་ཞིག་རེད།
གློག་བརྙན《731》ནང་དུ་མི་སེར་དཀྱུས་མའི་མཐོང་སྣེ་ནས་ཀྲུང་གོར་བཙན་འཛུལ་བྱེད་མཁན་གྱི་འཇར་དམག་གི་མིའི་རིགས་ལ་ངོ་རྒོལ་བྱེད་པའི་གཏུམ་སྤྱོད་ཐེར་འདོན་བྱས་པ་དང་། ཚོང་པ་ཆུང་ཆུང་ཝང་ཡུང་ཀྲང་སོགས་དཔུང་སྡེ731གི“ཆེད་བཙུགས་བཙོན་ཁང”ནང་དུ་བཙན་ཤེད་ཀྱིས་བཟུང་ནས། ཀྲུང་གོར་བཙན་འཛུལ་བྱེད་མཁན་གྱི་འཇར་དམག་གིས“བདེ་ཐང་ཞིབ་བཤེར་དང་རིམས་འགོག་ཞིབ་འཇུག་ལ་གཞོགས་འདེགས་བྱས་ན་རང་དབང་ཐོབ་ཐུབ”ཅེས་པའི་ཁས་ལེན་རྫུན་མས་མགོ་སྐོར་བཏང་སྟེ་འཁྱགས་རྨས་ཚོད་ལྟ་དང་། དུག་རླངས་ཚོད་ལྟ། གསོན་ཕུང་གཤགས་དཔྱད་སོགས་ཀྱི་མནར་གཅོད་དྲག་པོ་ཕོག་ཡོད།
“ལོ་རྒྱུས་ཀྱི་དོན་དངོས་ནི་གློག་བརྙན་ནང་བསྟན་པ་ལས་གདུག་རྩུབ་ཆེ་བ་ཡོད”ཀྲུང་གོར་བཙན་འཛུལ་བྱེད་མཁན་གྱི་འཇར་དམག་གི་དཔུང་སྡེ731གི་ཉེས་དོན་དཔང་རྟགས་འགྲེམས་སྟོན་ཁང་གི་འགོ་འཛིན་ཅིན་ཁྲེང་མིན་གྱིས། དཔུང་སྡེ731གི་ནག་ཉེས་ནི་མིའི་རིགས་ཀྱི་ལོ་རྒྱུས་ཐོག་མུན་ནག་ཆེ་ཤོས་ཞིག་ཡིན་ཞིང་། དམག་འཁྲུག་སྐབས་སུ་གསང་བའི་གནས་སུ་གྱུར་པ་དང་དམག་འཁྲུག་རྗེས་སུ་གཡོ་འགེབས་གང་ཐུབ་བྱས་ནས། ལོ་རྒྱུས་ཀྱི་དོན་དངོས་མང་པོ་ཞིག་ད་ལྟའི་བར་དུ་ཡོངས་སུ་ཁྱབ་བསྒྲགས་བྱས་མེད། གློག་བརྙན་འདི་བརྒྱུད་ནས་མི་དེ་བས་མང་བས་དཔུང་སྡེ731གི་གཏུམ་སྤྱོད་ཤེས་སུ་འཇུག་རྒྱུའི་རེ་བ་ཡོད་ཅེས་བཤད།
གློག་བརྙན་གྱི་འཁྲབ་ཁྲིད་པ་ཀྲའོ་ལིན་ཧྲན་གྱིས། བརྙན་ལེན་ཚོགས་པས་ལོ་རྒྱུས་ཀྱི་དཔྱད་གཞི་ངོ་མ་འབོར་ཆེན་དཔྱད་གཞིར་བྱས་ཏེ། སྒྱུ་རྩལ་གྱི་རྣམ་པའི་ཐོག་ནས་ལོ་རྒྱུས་ཀྱི་འགན་འཁྲི་བརྒྱུད་སྤྲོད་དང་ཞི་བདེའི་སྟོབས་ཤུགས་གཅིག་སྡུད་བྱ་རྒྱུའི་རེ་བ་ཡོད་ཅེས་བཤད།
གློག་བརྙན《731》ཚེས18ཉིན་ནས་བཟུང་རྒྱལ་ཡོངས་སུ་ཡོངས་བསྒྲགས་ངང་སྟོན་རྒྱུ་ཡིན་ཞིང་། དེ་རིང་ནི་ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་གི་འགོ་འཛུགས་ཉིན་ཏེ“དགུ་པའི་བཅོ་བརྒྱད་ཀྱི”དོན་རྐྱེན་བྱུང་ནས་ལོ་ངོ94འཁོར་བ་མཚོན་གྱི་ཡོད། གློག་བརྙན་དེ་གོ་ལ་ཧྲིལ་པོའི་ས་ཆ་མང་པོ་ཞིག་ཏུ་བསྟན་ནས་འཛམ་གླིང་གི་སྐྱེ་བོ་རྣམས་ཀྱིས་ལོ་རྒྱུས་བློ་ལ་བརྟན་པོར་ངེས་པ་དང་ཞི་བདེར་གཅེས་སྤྲས་བྱེད་དགོས་པའི་ཉེན་བརྡ་གཏོང་རྒྱུ་རེད།