རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-09-16   རྩོམ་ཁུངས།    མི་དམངས་ཉིན་རེའི་ཚགས་པར།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་14ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ལེགས་ཐན་སི་ཐེན་གྱི་སྲིད་སྐྱོང་རྒྱལ་རྒྱུད་འཛིན་མཁན་ཨ་ལོ་དབྱི་སི་ཡིས་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་ནས་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ཏེ་ལོ་ངོ་75འཁོར་བར་རྟེན་འབྲེལ་ཞུས་པ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། ཕྱི་འབྲེལ་བཙུགས་ནས་ལོ་ངོ་75སོང་རིང་། ཀྲུང་གོ་དང་ལེགས་ཐན་སི་ཐེན་རྒྱལ་ཁབ་གཉིས་པོས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་བཀུར་དང་ཕན་ཚུན་ཡིད་ཆེས་མཐའ་འཁྱོངས་བྱེད་པ་དང་། མཛའ་མཐུན་སྤེལ་རེས་མཉམ་ལས་ཧུར་ཐག་བྱས་ནས། ཕྱོགས་མང་ཁྱབ་ཁོངས་སུ་མཐུན་སྦྱོར་དམ་ཟབ་བྱས་ཏེ་རྒྱལ་ཁབ་ཆེ་ཆུང་ཚང་མ་མཛའ་མཐུན་མཉམ་གནས་དང་གཉིས་ཕན་གཉིས་ཁེའི་དཔེ་མཚོན་བཏོད་ཡོད། ངས་ཀྲུང་གོ་དང་ལེགས་ཐན་སི་ཐེན་དབར་གྱི་འབྲེལ་བ་འཕེལ་རྒྱས་འགྲོ་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ལ། སྲིད་སྐྱོང་འཛིན་མཁན་ཨ་ལོ་དབྱི་སི་དང་མཉམ་དུ་འབད་བརྩོན་བྱས་ནས་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་དང་མཉམ་ལས་རྒྱུན་མཐུད་ཟབ་ཏུ་གཏོང་འདོད་ཡོད།
ཨ་ལོ་དབྱི་སི་ཡིས་གསུངས་དོན། ཕྱི་འབྲེལ་བཙུགས་ཚུན། ལེགས་ཀྲུང་རྒྱལ་ཁབ་གཉིས་པོས་མཛའ་མཐུན་རྒྱུན་འཁྱོངས་བྱས་ནས་ཕྱོགས་གཉིས་པོའི་དབར་འགྲོ་འོང་བྱེད་ཟབ་ཏུ་གཏོང་བ་དང་། མཉམ་ལས་ཁྱབ་ཁོངས་རྒྱ་སྐྱེད་གཏོང་བ། ཕན་ཚུན་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། བརྟན་ཞིང་ཕན་ཚུན་ཡིད་ཆེས་ཀྱི་རོགས་ཟླའི་འབྲེལ་བ་ཐུན་མོང་ཐོག་འཕེལ་རྒྱས་གཏོང་བ་བཅས་བྱས་པ་དེ་ནི་དེང་སྐབས་འགྲན་སློང་ཡང་ཡང་ཐོན་པའི་དུས་རབས་སུ་དེ་བས་གལ་འགངས་ཆེ་བ་ཞིག་རེད། ལེགས་ཀྲུང་རྒྱལ་ཁབ་གཉིས་པོས་འབྱུང་འགྱུར་སྤེལ་རེས་མཉམ་ལས་རྒྱུན་ཆད་མེད་པར་ཟབ་ཏུ་བཏང་ནས་འཕེལ་རྒྱས་དང་དར་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུ་ཡིན་པ་ང་ལ་ཡིད་ཆེས་བརྟན་པོ་ཡོད།