རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-07-21   རྩོམ་ཁུངས།    མི་ད་མངས་ཉིན་རེའི་ཚགས་པར།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ཟླ་7ཚེས་19ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་མོ་རི་ཐ་ནི་ཡའི་ཙུང་ཐུང་ཅ་ཙི་ཝ་ཉི་ཡིས་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་སྟེ་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུས་པ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་མོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་60སོང་རིང་། རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་ཇི་འདྲ་བྱུང་རུང་ཕྱོགས་གཉིས་པོས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གྱི་ལྟ་སྟངས་འཛིན་ཏེ། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དབར་ཕན་ཚུན་ལྟ་སྐྱོང་དང་གཉིས་ཁེ་གཉིས་ཕན་གྱི་དཔེ་མཚོན་བཏོད་ཡོད། ཉེ་བའི་ལོ་ཤས་རིང་། ཀྲུང་མོའི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་ཕྱིན་པ་དང་། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཉིན་བཞིན་བརྟན་དུ་ཕྱིན་པ། ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་ལ་ཕན་འབྲས་ཆེན་པོ་ཐོན་ཡོད། ན་ནིང་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་རིང་། ང་དང་ཙུང་ཐུང་ཅ་ཙི་ཝ་ཉི་མཇལ་འཛོམས་བྱས་ཏེ་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་ནས། ཀྲུང་མོའི་འབྲེལ་བ་དེ་འཐབ་ཇུས་རོགས་ཟླའི་འབྲེལ་བར་རིམ་སྤོར་བྱ་རྒྱུ་ཐུན་མོང་ཐོག་ཁྱབ་བསྒྲགས་བྱས་པར་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ལེའུ་གསར་པ་ཕྱེ་ཡོད། ངས་ཀྲུང་མོའི་འབྲེལ་བའི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ཙུང་ཐུང་ཅ་ཙི་ཝ་ཉི་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཕྱི་འབྲེལ་བཙུགས་ནས་ལོ་ངོ་60འཁོར་བ་འགོ་འཛུགས་ས་གསར་པར་བྱས་ཐོག་སྲོལ་རྒྱུན་གྱི་མཛའ་གྲོགས་རྒྱུན་མཐུད་དང་ཕན་ཚུན་ཡིད་ཆེས་དང་མཉམ་ལས་ཟབ་ཏུ་བཏང་སྟེ། ཀྲུང་མོའི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་ཀྱི་འབྱུང་འགྱུར་གསར་པ་ཐུན་མོང་ཐོག་བཏོད་ནས། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་བདེ་དེ་བས་ལེགས་པ་སྐྲུན་འདོད་ཡོད།
ཅ་ཙི་ཝ་ཉི་ཡིས་གསུངས་དོན། ལོ་ངོ་60ཡི་རིང་། མོ་རི་ཐ་ནི་ཡ་དང་ཀྲུང་གོའི་དབར་མཛའ་མཐུན་ཟབ་མོ་བཙུགས་ནས་རིམ་པ་ཁག་ཏུ་མཉམ་ལས་དམ་ཟབ་དང་རྒྱལ་སྤྱིའི་ཐོག་ཕན་ཚུན་རྒྱབ་སྐྱོར་བྱས་ཡོད། 2024ལོའི་ཟླ་བ་9པའི་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་རིང་། ང་དང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐུན་མོང་ཐོག་དཔེ་མཚོན་དུ་འོས་པའི་མོ་ཀྲུང་འབྲེལ་བ་དེ་འཐབ་ཇུས་རོགས་ཟླའི་འབྲེལ་བར་རིམ་སྤོར་བྱེད་པའི་ཁྱབ་བསྒྲགས་བྱས་པ་ཡིན། དེ་ནི་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་ཟབ་མོ་འགྲོ་བའི་ཆེས་དངོས་ཡོད་ཀྱི་མཚོན་ཚུལ་ཞིག་ཡིན་པས། མཛའ་མཐུན་ཟབ་པའི་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་བདེ་བསྐྲུན་རྒྱུ་དང་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་བདེ་འཇགས་དང་དར་རྒྱས་ཀྱི་བདེ་རྩ་ཆེ་རུ་གཏོང་བར་ཕན་ཐོགས་ཡོད།
དེ་ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་དང་མོ་རི་ཐ་ནི་ཡའི་ཙུང་ལི་ཨའེ་ཅ་དབྱིས་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་བ་རེད། ལི་ཆང་གིས་ཀྲུང་གོ་ཕྱོགས་ཀྱིས་མོ་རི་ཐ་ནི་ཡ་ཕྱོགས་དང་ལག་གདང་སྦྲེལ་ནས་འབད་བརྩོན་བྱས་ཐོག་ཀྲུང་མོ་རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་60འཁོར་བ་གོ་སྐབས་སུ་བྱས་ཏེ། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཅ་ཙི་ཝ་ཉི་དབར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་ནུས་ཤུགས་ཡོད་རྒུས་དོན་འཁྱོལ་བྱས་ནས། ཀྲུང་མོའི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
ཨའེ་ཅ་དབྱིས། མོ་རི་ཐ་ནི་ཡ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་ནན་པོ་ཞུ་གི་ཡོད། ཙུང་ཐུང་ཅ་ཙི་ཝ་ཉི་དང་ཀྲུའུ་ཞི་ཞི་ཅིན་ཕིང་གི་གཟིགས་རྒྱང་རིང་བའི་མཛུབ་ཁྲིད་འོག ཀྲུང་གོ་ཕྱོགས་དང་མཉམ་དུ་མོ་ཀྲུང་གི་འཐབ་ཇུས་རོགས་ཟླའི་འབྲེལ་བར་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་གཉིས་པོའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་འདོད་ཡོད་ཅེས་གསུངས་པ་རེད།