ཞི་ཅིན་ཕིང་གིས་ཆི་ལིའི་ཙུང་ཐུང་པོ་ལི་ཆི་དང་མཇལ་འཛོམས་གནང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-05-16   རྩོམ་ཁུངས།    མི་དམངས་ཉིན་རེའི་ཚགས་པར།

    ཟླ་5ཚེས་14ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་ཀྲུང་གོ་དང་ལ་ཏིང་མེ་གླིང་གླེང་སྟེགས་ཀྱི་པུའུ་ཀྲང་རིམ་པའི་ཚོགས་འདུ་སྐབས་བཞི་པར་ཕེབས་པའི་ཆི་ལིའི་ཙུང་ཐུང་པོ་ལི་ཆི་དང་མཇལ་འཛོམས་གནང་བ།

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་14ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་ཀྲུང་གོ་དང་ལ་ཏིང་མེ་གླིང་གླེང་སྟེགས་ཀྱི་པུའུ་ཀྲང་རིམ་པའི་ཚོགས་འདུ་སྐབས་བཞི་པར་ཕེབས་པའི་ཆི་ལིའི་ཙུང་ཐུང་པོ་ལི་ཆི་དང་མཇལ་འཛོམས་གནང་བ་རེད།

    ཞི་ཅིན་ཕིང་གིས་གསུངས་དོན། ད་ལོ་ནི་ཀྲུང་གོ་དང་ཆི་ལིའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་55འཁོར་བའི་ལོ་རེད། ལོ་55ཡི་གོང་དུ་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པ་རྒན་རབས་ཚོས་གཟིགས་རྒྱང་རིང་པོས་འཇམ་འཐབ་ཀྱིས་སྤྲིན་ནག་གཏོར་ནས་ཀྲུང་གོ་གསར་པ་དང་མེ་གླིང་ལྷོ་མའི་རྒྱལ་ཁབ་དབར་ཕྱི་འབྲེལ་ཐོག་མར་བཙུགས་ཡོད། དུས་རབས་ཕྱེད་ཀ་ལྷག་ཙམ་རིང་། རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་། ཀྲུང་གོ་དང་ཆི་ལིའི་འབྲེལ་བའི་གྲུ་གཟིངས་ཀྱིས་ཐོག་མཐའ་བར་གསུམ་དུ་རླུང་རྟེན་རླབས་གཤག་བྱས་ཏེ་ཀྲུང་གོ་དང་ལ་ཏིང་མེ་གླིང་རྒྱལ་ཁབ་དབར་གྱི་འབྲེལ་བའི་འཕེལ་རྒྱས་རླབས་རྒྱུན་ལ་སྣེ་ཁྲིད་བྱས་ཡོད། ཀྲུང་གོ་དང་ཆི་ལིས་རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་དུས་རབས་ཀྱི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་གཏོང་བ་དང་། ཀྲུང་གོ་དང་ལ་ཏིང་མེ་གླིང་གི་ཐུན་མོང་འཕེལ་རྒྱས་ཀྱི་མིག་དཔེ་དང་ལྷོ་ལྷོ་མཉམ་ལས་ཀྱི་དཔེ་མཚོན་བཏོད་ནས་མིའི་རིགས་ཀྱི་ཞི་བདེ་དང་ཡར་ཐོན་བྱ་གཞག་ལ་མཉམ་དུ་སྐུལ་འདེད་བཏང་ཡོད།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་ཕྱོགས་ཀྱིས་ཆི་ལི་ཕྱོགས་དང་མཉམ་དུ་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཟབ་ཏུ་བཏང་ནས་ཕན་ཚུན་བརྩི་འཇོག་དང་། འདྲ་མཉམ་གྱི་ལྟ་སྟངས་འཛིན་པ། གཉིས་ཁེ་གཉིས་ཕན་བཅས་མཐའ་འཁྱོངས་བྱེད་པ་དང་། རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ། ཕན་ཚུན་དབར་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་རྒྱབ་སྐྱོར་བརྟན་པོ་བྱས་ནས་རང་ངོས་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་སྲུང་སྐྱོང་བྱེད་འདོད་ཡོད། ཕྱོགས་གཉིས་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་འཆར་འགོད་དོན་འཁྱོལ་ཡག་པོ་བྱས་ཏེ་ཞིང་ནགས་འབྲོག་ཉ་ལས་བཅས་དང་། ཐོན་ལས་མ་འཇོག རྨང་གཞིའི་སྒྲིག་བཀོད། ལྗང་མདོག་གཏེར་རྫས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཟབ་ཏུ་གཏོང་བ་དང་གནམ་དཔྱད་དང་། གླིང་སྣེའི་ས་ཁུལ། མི་ཐབས་རིག་ནུས། སྐྱེ་དངོས་སྨན་རྫས། གྲངས་འཛིན་དཔལ་འབྱོར་སོགས་འཕར་གཞི་གསར་པ་སྐྱེད་སྲིང་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་དེ་བས་མང་བ་ཆི་ལིར་མ་འཇོག་ལས་དར་བྱེད་པར་བསྐྱོད་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལ། ཆི་ལིའི་སྤུས་ལེགས་ཐོན་རྫས་དེ་བས་མང་བ་ཀྲུང་གོའི་ཁྲོམ་རར་འདོན་རྒྱུར་ཡང་དགའ་བསུ་ཞུ་རྒྱུ་ཡིན། ཕྱོགས་གཉིས་པོས་ཤེས་དཔལ་ཕན་ཚུན་དཔྱད་གཞིར་འཛིན་པར་ཤུགས་སྣོན་རྒྱག་པ་དང་སློབ་གསོ་དང་། རིག་གནས། སྨྱན་སྦྱོར། གཞོན་ནུ་སོགས་ཀྱི་སྤེལ་རེས་བྱེད་སྒོ་ཡག་པོ་སྤེལ་བ་དང་མི་སྣ་འགྲོ་འོང་ལ་སྟབས་བདེ་བསྐྲུན་ཏེ་རྒྱལ་ཁབ་གཉིས་པོའི་ཕུགས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་སྤྱི་ཚོགས་དང་དམངས་འདོད་ཀྱི་རྨང་གཞི་ཡག་པོ་འདིང་དགོས།

    མིག་སྔར་རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་དང་ཟང་ཟིང་མཉམ་དུ་གནས་པ་དང་ཕྱོགས་རྐྱང་རིང་ལུགས་དང་སྲུང་སྐྱོང་རིང་ལུགས་ལོ་རྒྱུས་ཀྱི་རླབས་རྒྱུན་ལས་ལྡོག་ནས་ཐོན་ཏེ་རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་སྒྲིག་ལམ་ཟང་ཟིང་བཟོས་ཡོད། ཀྲུང་གོ་དང་ཆི་ལི་ནི་ཕྱོགས་མང་རིང་ལུགས་དང་རང་མོས་ཚོང་དོན་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་བྱེད་མཁན་ཞིག་ཡིན་པས་ཕྱོགས་མང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་ཐུན་མོང་ཁེ་ཕན་སྲུང་སྐྱོང་བྱེད་དགོས།

    པོ་ལི་ཆི་ཡིས་གསུངས་དོན། ཆི་ལིས་ཀྲུང་གོའི་དབར་གྱི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ཀྲུང་གོ་ནི་ཆི་ལིའི་ཚོང་དོན་རོགས་ཟླ་གལ་ཆེ་ཤོས་སུ་གྱུར་པ་མ་ཟད། ཕྱོགས་གཉིས་པོའི་མཉམ་ལས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཡོད། ཆི་ལི་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱ་རྒྱུ་མ་ཟད། ཀྲུང་གོ་ཕྱོགས་དང་ཚོང་དོན་དང་། མ་འཇོག མི་ཐབས་རིག་ནུས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་སྔར་བས་རྒྱ་ཆེར་གཏོང་བ་དང་། སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པ། མི་ཆོས་རིག་གནས་སྤེལ་རེས་ཟབ་ཏུ་གཏོང་བ་བཅས་བྱས་ཏེ་ཆི་ལི་དང་ཀྲུང་གོའི་འབྲེལ་བར་དངོས་དངོས་རྗེན་རྗེན་གྱི་གྲུབ་འབྲས་དེ་བས་མང་བ་ཐོབ་པར་སྐུལ་འདེད་གཏོང་རྒྱུའི་རེ་སྒུག་ཀྱང་བྱེད་བཞིན་ཡོད། རྒྱལ་ཁབ་ཁག་གིས་རང་མོས་ཚོང་དོན་དང་གཉིས་ཁེ་གཉིས་ཕན་ངེས་པར་དུ་མཐའ་འཁྱོངས་བྱེད་དགོས། ཚོང་དོན་གྱིས་རྒྱལ་ཁབ་གཅིག་གི་སྒེར་ཕན་ཁོ་ནར་ཞབས་འདེགས་ཞུ་མི་རུང་ལ། ཚོང་དོན་འཁྲུག་རྩོད་སློང་མཁན་ལ་མདུན་ལམ་མེད། ཆི་ལི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཕྱོགས་མང་རིང་ལུགས་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབང་གྲགས་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་བྱེད་པ་དང་སྐད་ཆ་ཤོད་རེས་བྱས་ནས་མི་མཐུན་པའི་ཆ་ཐག་གཅོད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་མཉམ་དུ་སྲུང་སྐྱོང་བྱེད་འདོད་ཡོད།