རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-05-16   རྩོམ་ཁུངས།    མི་དམངས་ཉིན་རེའི་ཚགས་པར།
ཟླ་5ཚེས་13ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པེ་ཅིང་གི་རྒྱལ་ཁབ་གྲོས་ཚོགས་ལྟེ་གནས་སུ་ཀྲུང་གོ—ལ་ཏིང་མེ་གླིང་དང་ཅ་ལེ་པི་རྒྱལ་ཁབ་གཅིག་མཐུན་ཚོགས་པའི་གླེང་སྟེགས་ཀྱི་པུའུ་ཀྲང་རིམ་པའི་ཚོགས་འདུ་སྐབས་བཞི་པའི་འགོ་ཚུགས་མཛད་སྒོར་ཞུགས་ནས་གཙོ་དོན་གཏམ་བཤད་གནང་བ།
ཟླ་5ཚེས་13ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པེ་ཅིང་གི་རྒྱལ་ཁབ་གྲོས་ཚོགས་ལྟེ་གནས་སུ་ཀྲུང་གོ—ལ་ཏིང་མེ་གླིང་དང་ཅ་ལེ་པི་རྒྱལ་ཁབ་གཅིག་མཐུན་ཚོགས་པའི་གླེང་སྟེགས་ཀྱི་པུའུ་ཀྲང་རིམ་པའི་ཚོགས་འདུ་སྐབས་བཞི་པའི་འགོ་ཚུགས་མཛད་སྒོར་ཞུགས་ནས་གཙོ་དོན་གཏམ་བཤད་གནང་ཞིང་། འདི་ནི་ཞི་ཅིན་ཕིང་དང་སྐུ་མགྲོན་ལྷན་བཞུགས་སྐུ་པར་བསྐྱོན་བཞིན་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་13ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ ཞི་ཞི་ཅིན་ཕིང་གིས་རྒྱལ་ཁབ་གྲོས་ཚོགས་ལྟེ་གནས་སུ་ཀྲུང་གོ—ལ་ཏིང་མེ་གླིང་དང་ཅ་ལེ་པི་རྒྱལ་ཁབ་གཅིག་མཐུན་ ཚོགས་པའི་གླེང་སྟེགས་ཀྱི་པུའུ་ཀྲང་རིམ་པའི་ཚོགས་འདུ་སྐབས་བཞི་པའི་འགོ་ཚུགས་མཛད་སྒོར་ཞུགས་ནས་གཙོ་དོན་གཏམ་བཤད་གནང་ཞིང་། ཞི་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ཀྱིས་ལ་ཏིང་མེ་གླིང་ཕྱོགས་དང་མཉམ་དུ་ལག་གདང་སྦྲེལ་ནས་འདུ་འགོད་ཆེན་པོ་ལྔ་སྤེལ་འགོ་བཙུགས་ཏེ། གོང་འཕེལ་དང་དར་རྒྱས་མཉམ་དུ་དོན་གཉེར་བྱས་ནས་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་ལས་དབང་གཅིག་མཐུན་ཚོགས་པ་མཉམ་སྐྲུན་བྱེད་པའི་ཁྱབ་བསྒྲགས་གནང་བ་རེད།
ཞི་ཅིན་ཕིང་གིས་ལ་ཏིང་མེ་གླིང་གཅིག་མཐུན་ཚོགས་པའི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཁོ་ལོམ་པི་ཡའི་ཙུང་ཐུང་ཕེ་ཐེ་ལུའོ་དང་། པར་ཙིར་གྱི་ཙུང་ཐུང་ལུའུ་ལཱ། ཆི་ལིའི་ཙུང་ཐུང་པོ་ལི་ཆི། ལ་ཏིང་མེ་གླིང་དང་ཅ་ལེ་པིའི་རྒྱལ་ཁབ་བཅས་དང་། དེ་བཞིན་ས་ཁུལ་གྱི་རྩ་འཛུགས་འཐུས་མི་ཚོགས་པའི་ཚོགས་གཙོ་བཅས་ལ་བྱམས་བརྩེའི་ངང་ཕྱག་བཏང་བ་དང་སྦྲགས་ལྷན་བཞུགས་སྐུ་པར་ཡང་བསྐྱོན་པ་རེད།
སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད། ཞི་ཅིན་ཕིང་གིས《ཀྲུང་གོ་དང་ལ་ཏིང་མེ་གླིང་གི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་ལེའུ་གསར་པ་མཉམ་དུ་རྩོམ་དགོས》ཞེས་འགོ་བརྗོད་དུ་འཁོད་པའི་གཙོ་དོན་གཏམ་བཤད་གནང་བ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། 2015ལོར་ངས་ལ་ཏིང་མེ་གླིང་དང་ཅ་ལེ་པི་རྒྱལ་ཁབ་ཀྱི་འཐུས་མི་དང་མཉམ་དུ་པེ་ཅིང་དུ་ཀྲུང་གོ་དང་ལ་ཏིང་མེ་གླིང་གླེང་སྟེགས་ཀྱི་པུའུ་ཀྲང་རིམ་པའི་ཚོགས་འདུ་སྐབས་དང་པོའི་འགོ་ཚུགས་མཛད་སྒོར་ཞུགས་ནས་ཀྲུང་གོ་དང་ལ་ཏིང་མེ་གླིང་གླེང་སྟེགས་དངོས་སུ་བཙུགས་པའི་ཁྱབ་བསྒྲགས་བྱས་ཡོད། ལོ་10ཡི་རིང་། ཕྱོགས་གཉིས་པོའི་གཉེར་སྐྱོང་ཞིབ་ཚགས་འོག ཀྲུང་གོ་དང་ལ་ཏིང་མེ་གླིང་གླེང་སྟེགས་རིམ་བཞིན་སྟོབས་ཆེར་ཕྱིན་ཡོད། ཕྱོགས་གཉིས་ཀྱིས་ལག་གདང་སྦྲེལ་ནས་ཕན་ཚུན་རྒྱབ་སྐྱོར་བྱས་པ་མ་ཟད། ཕྱི་འབྲེལ་བཙུགས་པའི་ལ་ཏིང་མེ་གླིང་དང་ཅ་ལེ་པི་རྒྱལ་ཁབ་ཀྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་གཅིག་གི་རྩ་དོན་མཐའ་འཁྱོངས་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ལ་ཏིང་མེ་གླིང་གིས་རང་ཉིད་ཀྱི་རྒྱལ་བབ་དང་འཚམ་པའི་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་རྒྱུར་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་དང་ལ་ཏིང་མེ་གླིང་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་དང་རང་བཙན་སྲུང་སྐྱོང་དང་ཕྱི་ཕྱོགས་ཀྱི་ཐེ་ཇུས་ལ་ངོ་རྒོལ་བྱ་རྒྱུར་རྒྱབ་སྐྱོར་བྱས་ཡོད། ཕྱོགས་གཉིས་པོས་དཔའ་ངར་ཆེན་པོས་འགྲན་སློང་ལ་ཁ་གཏད་གཅོག་པ་དང་མཉམ་ལས་གཉིས་ཕན་བྱས་ཏེ་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་གྱི་འཕེལ་ཕྱོགས་ཆེན་པོར་བསྟུན་ནས་ཚོང་དོན་དང་། མ་འཇོག དངུལ་རྩ། ཚན་རྩལ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཁྱབ་ཁོངས་ཀྱི་དངོས་སྒྲུབ་མཉམ་ལས་རྒྱུན་ཆད་མེད་པར་ཟབ་ཏུ་འགྲོ་རྒྱུར་སྐུལ་འདེད་བཏང་ནས་སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱས་ཡོད། ཕྱོགས་གཉིས་པོས་ཕན་ཚུན་ལྟ་སྐྱོང་དང་དུས་ངལ་མཉམ་སེལ་བྱས་ཏེ་གནོད་འཚེ་སྔོན་འགོག་ཉུང་གཏོང་དང་གེགས་སེལ་ཐད་མཉམ་ལས་ཧུར་ཐག་བྱས་ནས་རྒྱ་མཚོའི་རླུང་འཚུབ་དང་ས་ཡོམ་སོགས་རང་བྱུང་གནོད་འཚེ་དང་དུས་རབས་ཀྱི་རིམས་ནད་ལ་ལག་གདང་སྦྲེལ་ནས་ཁ་གཏད་བཅག་ཡོད།
ཕྱོགས་གཉིས་པོས་མཐུན་སྒྲིལ་མཉམ་ལས་དང་འགན་འཁྲི་ཁུར་ཕོད་པ་བྱས་ཏེ་ཕྱོགས་མང་རིང་ལུགས་ངོ་མ་ལག་བསྟར་དང་། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་མཉམ་དུ་སྲུང་སྐྱོང་། གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་འཛམ་གླིང་སྣེ་མང་ཅན་དང་རྒྱལ་སྤྱིའི་འབྲེལ་བ་དམངས་གཙོ་ཅན་ལ་སྐུལ་འདེད་བཏང་ཡོད། ཀྲུང་གོ་དང་ལ་ཏིང་མེ་གླིང་ལག་གདང་སྦྲེལ་ནས་མཉམ་དུ་སྐྱོད་མཁན་གྱི་ལས་དབང་གཅིག་མཐུན་ཚོགས་པར་གྱུར་ཡོད། དེའི་མངོན་གསལ་དོད་པའི་རྨང་གཞི་ནི་ཕན་ཚུན་དབར་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ་དང་། སྟོབས་དང་ལྡན་པའི་སྒུལ་ཤུཌ་ནི་གཉིས་ཁེ་གཉིས་ཕན། བློ་རྒྱ་ཡངས་པའི་གཤིས་རྒྱུད་ནི་སྒོ་དབྱེ་བསྟུན་མཁས། རྩ་བའི་དོན་གཉེར་ནི་མི་དམངས་ལ་ཕན་བདེ་བསྐྲུན་རྒྱུ་བཅས་ཡིན་པས། སྐྱེ་སྟོབས་ཀྱི་གསོན་ཤུགས་ཆེན་པོ་དང་ཡངས་ཤིང་རྒྱ་ཆེ་བའི་འཕེལ་རྒྱས་ཀྱི་མདུན་ལམ་ལྡན་པ་དོན་དངོས་ལས་ར་སྤྲོད་བྱས་ཡོད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། མིག་སྔར། འཛམ་གླིང་ལ་ལོ་བརྒྱའི་འགྱུར་ལྡོག་མགྱོགས་མྱུར་འབྱུང་བཞིན་ཡོད་པ་དང་ཉེན་ཁ་སྣ་ཚོགས་མཉམ་དུ་གནས་ཡོད་པས། རྒྱལ་ཁབ་ཁག་མཐུན་སྒྲིལ་མཉམ་ལས་བྱས་ཚེ། གཞི་ནས་འཛམ་གླིང་གི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་དང་གོ་ལ་ཧྲིལ་པོའི་འཕེལ་རྒྱས་དང་དར་རྒྱས་ལ་སྐུལ་འདེད་གཏོང་ཐུབ། སྒོ་ཁྲལ་གྱི་འཁྲུག་རྩོད་དང་ཚོང་དོན་འཁྲུག་རྩོད་ལ་རྒྱལ་ཁ་འཐོབ་མཁན་མེད་ལ། བཙན་པོ་ཧམ་ཤེད་ཅན་གྲོགས་མེད་ཁེར་རྐྱང་དུ་ལུས་སྲིད། ཀྲུང་གོ་དང་ལ་ཏིང་མེ་གླིང་དང་ཅ་ལེ་པིའི་རྒྱལ་ཁབ་ཚང་མ་ནི་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་ཁོངས་མི་གལ་ཆེན་ཡིན་ལ། རང་བཙན་རང་བདག་ནི་ང་ཚོའི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དང་། འཕེལ་རྒྱས་དར་རྒྱས་ནི་ང་ཚོའི་བཅོས་མིན་གྱི་དབང་ཆ། དྲང་གཞག་དྲང་བདེན་ནི་ང་ཚོའི་ཐུན་མོང་གི་དོན་གཉེར་བཅས་ཡིན། ཀྲུང་གོ་ཕྱོགས་ཀྱིས་ལ་ཏིང་མེ་གླིང་ཕྱོགས་དང་ལག་གདང་སྦྲེལ་ནས་འདུ་འགོད་ཆེན་པོ་ལྔ་ལག་བསྟར་བྱེད་འགོ་བཙུགས་ནས་འཕེལ་རྒྱས་དང་དར་རྒྱས་མཉམ་དུ་དོན་གཉེར་བྱས་ཏེ་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་ལས་དབང་གཅིག་མཐུན་ཚོགས་པ་མཉམ་དུ་འཛུགས་འདོད་ཡོད།
གཅིག མཐུན་སྒྲིལ་གྱི་འདུ་འགོད། ཕན་ཚུན་དབར་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་དང་འབྲེལ་བའི་གནད་དོན་ཐད་མུ་མཐུད་ཕན་ཚུན་རྒྱབ་སྐྱོར་བྱེད་པ་དང་མཉམ་འབྲེལ་རྒྱལ་ཚོགས་ལྟེ་བར་བྱེད་པའི་རྒྱལ་སྤྱིའི་མ་ལག་དང་རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞིར་བྱེད་པའི་རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་བརྟན་པོ་བྱས་ཏེ། རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་ཐུན་མོང་གི་འབོད་སྒྲ་སྒྲོག་དགོས། འབྱུང་འགྱུར་ལོ་གསུམ་ནང་ཀྲུང་གོ་ཕྱོགས་ཀྱིས་ལོ་ལྟར་ལ་ཏིང་མེ་གླིང་གི་གཅིག་མཐུན་ཚོགས་པའི་ཁོངས་མིའི་རྒྱལ་ཁབ་ཀྱི་སྲིད་ཏང་ལས་བྱེད་པ་300ཀྲུང་གོར་རྟོག་ཞིབ་དང་འཚམས་འདྲི་བྱེད་པར་གདན་འདྲེན་ཞུ་རྒྱུ་ཡིན།
གཉིས། འཕེལ་རྒྱས་ཀྱི་འདུ་འགོད། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་མཉམ་དུ་དོན་འཁྱོལ་བྱས་ནས་ཕྱོགས་མང་ཚོང་དོན་སྒྲིག་སྲོལ་སྲུང་སྐྱོང་བརྟན་པོ་དང་། གོ་ལ་ཧྲིལ་པོའི་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་བརྟན་པོའི་ངང་འཁོར་སྐྱོད་ཐུབ་པར་སྲུང་སྐྱོང་། སྒོ་དབྱེ་མཉམ་ལས་ཀྱི་རྒྱལ་སྤྱིའི་ཁོར་ཡུག་སྲུང་སྐྱོང་བཅས་བྱེད་དགོས། འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་ནས་སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ལ་ཏིང་མེ་གླིང་ཕྱོགས་ཀྱི་སྤུས་ལེགས་ཐོན་རྫས་དེ་བས་མང་བ་ནང་འདྲེན་བྱ་རྒྱུ་ཡིན་ལ། ཀྲུང་གོའི་ཁེ་ལས་ཀྱིས་ལ་ཏིང་མེ་གླིང་ལ་མ་འཇོག་བྱེད་རྒྱ་ཆེ་རུ་གཏོང་རྒྱུའི་སྐུལ་ལྕག་ཀྱང་བྱེད་རྒྱུ་ཡིན།
གསུམ། ཤེས་དཔལ་གྱི་འདུ་འགོད། གོ་ལ་ཧྲིལ་པོའི་ཤེས་དཔལ་གྲོས་འགོ་མཉམ་དུ་དོན་འཁྱོལ་བྱས་ནས་འདྲ་མཉམ་དང་། ཕན་ཚུན་དཔྱད་གཞིར་འཛིན་པ། སྐད་ཆ་ཤོད་རེས། བསྟུན་མཁས་བཅས་ཀྱི་ཤེས་དཔལ་གྱི་ལྟ་བ་འཛུགས་པ་དང་ཞི་བདེ་དང་། འཕེལ་རྒྱས། གཞུང་དྲང་། དྲང་བདེན། དམངས་གཙོ། རང་དབང་བཅས་ཀྱི་མིའི་རིགས་ཡོངས་ཀྱི་ཐུན་མོང་རིན་ཐང་དར་སྤེལ་གཏོང་དགོས། ཀྲུང་གོ་དང་ལ་ཏིང་མེ་གླིང་དབར་ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུ་ཟབ་ཏུ་བཏང་ནས་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་ཤེས་དཔལ་གྱི་སྐད་ཆ་ཤོད་རེས་ཚོགས་ཆེན་ཚོགས་དགོས།
བཞི། ཞི་བདེའི་འདུ་འགོད། གོ་ལ་ཧྲིལ་པོའི་བདེ་འཇགས་གྲོས་འགོ་མཉམ་དུ་དོན་འཁྱོལ་བྱས་ཏེ་གནོད་འཚེ་བཅོས་སྐྱོང་དང་། དྲ་རྒྱའི་བདེ་འཇགས། འཇིགས་སྐུལ་ལ་ངོ་རྒོལ། རུལ་སུངས་ལ་ངོ་རྒོལ། དུག་འགོག སྒྲིག་འཛུགས་ཡོད་པའི་རྒྱལ་སྒྲོལ་ཉེས་གསོག་ལ་རྡུང་རྡེག་གཏོང་བ་སོགས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་ས་ཁུལ་གྱི་བདེ་འཇགས་བརྟན་ལྷིང་སྲུང་སྐྱོང་ཧུར་ཐག་བྱེད་རྒྱུ་ཡིན།
ལྔ། དམངས་སེམས་ཀྱི་འདུ་འགོད། འབྱུང་འགྱུར་ལོ་གསུམ་ནང་། ཀྲུང་གོ་ཕྱོགས་ཀྱིས་ལ་ཏིང་མེ་གླིང་གཅིག་མཐུན་ཚོགས་པའི་ཁོངས་མིའི་རྒྱལ་ཁབ་ལ་སྲིད་གཞུང་གི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་གྱི་མི་སྐལ་3500དང་། ཀྲུང་གོར་གསོ་སྦྱོང་དུ་ཡོང་མཁན་མི་སྐལ་ཁྲི་1 རྒྱལ་སྤྱིའི་རྒྱ་ཡིག་དགེ་རྒན་གྱི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་གྱི་མི་སྐལ་500 དབུལ་པོ་ཉུང་གཏོང་གི་ལག་རྩལ་ཤེས་ལྡན་པ་གསོ་སྦྱོང་གི་མི་སྐལ་300 “རྒྱ་ཡིག་སྦྲེལ་ཟམ”རྣམ་གྲངས་ཀྱི་ཀྲུང་གོར་སྐྱོད་མཁན་ཚོགས་པའི་མིང་སྐལ་1000བཅས་མཁོ་འདོན་བྱ་རྒྱུ་དང“ཆུང་ཞིང་མཛེས་པའི”དམངས་འཚོའི་རྣམ་གྲངས་300ལག་བསྟར་བྱས་ཏེ་ལ་ཏིང་མེ་གླིང་གཅིག་མཐུན་ཚོགས་པའི་ཁོངས་མིའི་རྒྱལ་ཁབ་ཀྱིས་རྒྱ་ཡིག་སློབ་གསོ་སྤེལ་རྒྱུར་རྒྱབ་སྐྱོར་བྱེད་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ལ་ཏིང་མེ་གླིང་དང་ཅ་ལེ་པི་ས་ཁུལ་གྱི་རྒྱལ་ཁབ་ལྔ་ལ་རྒྱལ་སྒྲོལ་ཐོངས་མཆན་མི་དགོས་པའི་སྲིད་ཇུས་ཁག་དང་པོ་ལག་བསྟར་བྱ་རྒྱུ་དང་འབྲེལ། ས་ཁུལ་དང་རྒྱལ་ཁབ་ལ་ཁྱབ་པའི་ཁྱབ་ཁོངས་འོས་འཚམ་ངང་རྒྱ་ཆེར་གཏོང་རྒྱུ་ཡིན།
མཇུག་ཏུ་ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་ལ་ཏིང་མེ་གླིང་དང་ཅ་ལེ་པིའི་རྒྱལ་ཁབ་ཀྱི་གྲོགས་པོ་ཡག་པོ་དང་རོགས་ཟླ་ཡག་པོ་ཡིན་པའི་ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ལ་ཏིང་མེ་གླིང་ཕྱོགས་དང་མཉམ་དུ་རང་རང་སོ་སོའི་དེང་རབས་ཅན་གྱི་རྒྱང་ལམ་ཐོག་དཔུང་པ་མཉམ་གཤིབ་ཀྱིས་མདུན་སྐྱོད་བྱས་ཏེ། ཀྲུང་གོ་དང་ལ་ཏིང་མེ་གླིང་གི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་ལེའུ་གསར་པ་མཉམ་དུ་རྩོམ་རྒྱུ་ཡིན།
ལ་ཏིང་མེ་གླིང་གཅིག་མཐུན་ཚོགས་པའི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཁོ་ལོམ་པི་ཡའི་ཙུང་ཐུང་ཕེ་ཐེ་ལུའོ་དང་། པར་ཙིར་གྱི་ཙུང་ཐུང་ལུའུ་ལཱ། ཆི་ལིའི་ཙུང་ཐུང་པོ་ལི་ཆི། གསར་སྤེལ་དངུལ་ཁང་གསར་པའི་ཧང་ཀྲང་དང་པར་ཙིར་གྱི་ཙུང་ཐུང་ཟུར་པ་ལུའོ་སའེ་ཧྥུའུ་བཅས་ཁག་སོ་སོས་ཤིས་ཚིག་བསྒྲོན་པ་རེད། ལ་ཏིང་མེ་གླིང་གཅིག་མཐུན་ཚོགས་པའི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་བསྐོ་སྒུག་བྱེད་མཁན་ཝུ་ར་ཀུའེ་ཡི་ཙུང་ཐུང་ཨོར་ཤིས་ཀྱི་དམིགས་བསལ་འཐུས་མིས་ཙུང་ཐུང་གི་རྟེན་འབྲེལ་འཕྲིན་ཡིག་སྒྲོག་སྦྱངས་གནང་བ་རེད། ཁོང་རྣམ་པས་ལ་ཏིང་མེ་གླིང་དང་ཀྲུང་གོའི་གླེང་སྟེགས་ཀྱི་ལོ་10ཡི་འཕེལ་རྒྱས་ལ་ཐོབ་པའི་གཡུར་ཟའི་གྲུབ་འབྲས་ལ་ཚད་མཐོའི་གདེང་འཇོག་གནང་བ་མ་ཟད། ལ་ཏིང་མེ་གླིང་དང་ཀྲུང་གོའི་མཉམ་ལས་ལ་སྐུལ་འདེད་དང་ལ་ཏིང་མེ་གླིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ཀྲུང་གོས་ཕུལ་བའི་ལེགས་སྐྱེས་གལ་ཆེན་ལ་བསྔགས་བརྗོད་ཀྱང་གནང་བ་རེད། ཕྱོགས་ཁག་གིས་ཀྲུང་གོ་གཅིག་གི་རྩ་དོན་ལ་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱ་རྒྱུའི་བསྐྱར་བསྒྲགས་གནང་བ་རེད། ཕྱོགས་ཁག་གིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་འདུ་ཤེས་དང་གོ་ལ་ཧྲིལ་པོའི་གྲོས་འགོ་ཆེ་གྲས་གསུམ་གྱིས་འཛམ་གླིང་ལ་ཞི་བདེ་དང་། དར་རྒྱས། ཡར་ཐོན་བཅས་ཀྱི་འོད་ཟེར་ལྡན་པའི་མདུན་ལམ་བཏོད་ཡོད་ཅེས་གསུངས་པ་རེད།