རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-04-24   རྩོམ་ཁུངས།    མཚོ་སྔོན་བོད་ཡིག་གསར་འགྱུར།
སྒྲུང་དེབ་ངོ་སྤྲོད་མདོར་བསྡུས།
《དབུས་ལམ་གྱི་གཏམ་རྒྱུད》ཅེས་པའི་སྒྲུང་དེབ་འདི་ནི་གནའ་སྔ་མོའི་དུས་སུ། མདོ་སྨད་ཀྱི་དགེ་ཕྲུག་གསུམ་དབུས་སུ་ཡོང་བའི་ལམ་བར་གྱི་མཐོང་ཐོས་མྱོང་གསུམ་དང་དཀའ་སྡུག་སྣ་ཚོགས་བརྗོད་གཞིར་བྱས་པ་ཡིག་ཐོག་ཏུ་བཀོད་པའི་དམངས་ཁྲོད་ཀྱི་སྒྲུང་རྣལ་མ་ཞིག་ཡིན། སྒྲུང་འདི་ནི་ཡུལ་མདོ་སྨད་ཀྱི་ལུང་པར་མི་དམངས་ཀྱི་ངག་ཐོག་ཏུ་མི་རབས་དུ་མར་གནས་པ་ཁོ་བོས་ཐོས་ཙམ་གྱིས་སེམས་སུ་སྨྲ་མི་ཤེས་པའི་ཚོར་བ་ཞིག་བྱུང་སྟེ། རིན་ཆེན་གསེར་ལས་ལྷག་པའི་རིག་པ་འདི་ཉིད་ཡིག་ཐོག་ཏུ་འགོད་ཐུབ་ན་རང་གི་རིགས་ལ་ཅུང་ཟད་སྨན་པར་བསམ་པའི་ཀུན་སློང་སྔོན་དུ་སོང་ནས་གཟོད་ཡི་གེར་ཕབ་པའོ། །
སྒྲུང་དེབ་འདི་ནི་ཁྱོན་ལེའུ་བཅུ་དྲུག་གིས་གྲུབ་ཅིང་། ལེའུ་རེ་རེ་ཡང་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་ལྷུ་ཚིགས་རེ་རེ་ཡིན་པས། རང་རེའི་ཡུལ་ལུང་གི་རིག་པ་མཐའ་ཡས་རྒྱ་མཚོ་དང་འདྲ་བར་གསན་སྦྱོང་གནང་བར་མོས་པ་དག་གིས་ལན་ཅིག་གཟིགས་ན་ཡང་མེས་པོའི་སྙིང་སྟོབས་དང་མཐུན་སྒྲིལ་གྱི་དཔུང་གདང་། མཛའ་བཤེས་ཀྱི་བརྩེ་བ། གཞན་ཕན་ལྷག་བསམ། གུས་ལུགས་ཀྱི་རིག་པ་སོགས་རང་རྒྱུད་ལ་ཉེ་བར་བླངས་ནས། སླད་དཀའ་ངལ་སྣ་ཚོགས་ཁྱད་དུ་གསོད་ཐུབ་པ་དང་མཛའ་བཤེས་ཕྱི་ཐག་རིང་བ་སོགས་ལེགས་ཚོགས་ཡར་ལྡན་དུ་བགྱི་བའི་སྒོ་འབའ་ཞིག་ཏུ་སྣང་བས། སློབ་ཁྲིད་ཀྱི་ཞོར་དུ་ལྗོངས་འདིའི་དམངས་ཁྲོད་གཏམ་རྒྱུད་ཀྱི་བྱུང་རིམ་དང་སྒྲིག་གཞི། ཁྱད་ཆོས་སོགས་ལ་སྦྱངས་པ་ཅུང་ཟད་བྱས་རྗེས་རང་ཆོས་འཛིན་པའི་དེབ་ཆུང་ཞིག་ཏུ་བསྒྲིགས་པ་ཡིན་གཤིས། ཀློག་མཁན་དག་ལ་ཕན་པའི་རྒྱུ་རུ་གྱུར་ཅིག །
གནམ་ལོ། སྨྱུག་མིང་ལ་གངས་སྨྱུག་ཟེར། 2003ལོར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་སྡེ་ཁག་ནས་མཐར་ཕྱིན། མཐོ་འབྲིང་ནས་བཟུང་རྩོམ་ཡིག་འབྲི་སྦྱོང་བྱེད་པའི་འགོ་བཙུགས་ཏེ་སྙན་ངག་ཁ་ཤས་ཤིག《སྦྲང་ཆར》དང《བོད་ལྗོངས་ཉིན་རེའི་ཚགས་པར》《བདག་པོ》《གངས་རྒྱན་མེ་ཏོག》སོགས་སུ་བཀོད། སློབ་ཆེན་དུ་སླེབས་རྗེས། དཔྱད་རྩོམ་འབྲི་སྦྱོང་བྱས་ཏེ《དེང་རབས་བོད་ཀྱི་སྙན་ངག་སྐོར་གྱི་བསམ་ཚུལ》དང《ར་མ་ཎའི་གཏམ་རྒྱུད་དང་རྟག་ངུའི་རྟོགས་བརྗོད་ལས་འཕྲོས་པའི་གཏམ》《བཙན་པོའི་རྒྱལ་རབས་སིལ་བུ་འཐོར་བའི་རྒྱུ་རྐྱེན་ལ་དཔྱད་པ》བཅས་ཀྱིས་མཚོན་པའི་དཔྱད་རྩོམ་དང་སྙན་ངག ལྷུག་རྩོམ་ཁ་ཤས《རྩེར་སྙེག》དང《ལྷོ་ཁའི་རྩོམ་རིག་སྒྱུ་རྩལ》སོགས་སུ་བཀོད།
སློབ་མཐར་ཕྱིན་རྗེས། ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྗོང་དུ་དགེ་རྒན་གྱི་ལས་ཀ་གཉེར། 2004ནས2005ལོར་བསྟུད་མར་ལོ་གཉིས་ལ་ལྗོངས་ཡོངས་ཀྱི་ཕུལ་བྱུང་དང་བླངས་པའི་བྱ་དགའ་ཐོབ། 2005ལོར་ཀྲུང་གོའི་དང་བླངས་པའི་དངུལ་གྱི་རྟགས་མ་ཐོབ། 2013ལོར་བོད་ལྗོངས་སློབ་གྲྭ་ཆེན་མོའི་རིག་གཞུང་སློབ་གླིང་གི་རྩོམ་རིག་རབ་འབྱམས་པའི་བསླབ་གནས་བླངས། 2014ལོར་མལ་གྲོ་གུང་དཀར་རྫོང་གི་ཕུལ་བྱུང་འཛིན་བདག་གི་བྱ་དགའ་ཐོབ། 2017ལོར་མལ་གྲོ་གུང་དཀར་རྫོང་སློབ་འབྲིང་གི་ཡིག་གཟུགས་འགྲན་སྡུར་ལས་དབུ་ཅན་ཡིག་གཟུགས་ཀྱི་ཨང་དང་པོའི་བྱ་དགའ་ཐོབ། 2018ལོར་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྗོང་སློབ་འབྲིང་གི་སློབ་ཁྲིད་འགྲན་སྡུར་ལས་ཨང་དང་པོའི་བྱ་དགའ་ཐོབ་པ་དང་། ལོ་དེའི་ཟླ་ལྔ་པར་ལྷ་ས་གྲོང་ཁྱེར་གྱི་སློབ་ཁྲིད་འགྲན་སྡུར་ལས་ཨང་གཉིས་པའི་བྱ་དགའ་ཐོབ།ལོ་དེའི་ཟླ་དགུ་པར་ལྷ་ས་གྲོང་ཁྱེར་གྱི་ལི་ཧྲི་མི་སྒེར་སློབ་གསོའི(李氏个人教育奖)བྱ་དགའ་ཐོབ་ཅིང་།ཐུ་བྷོད་སྙན་ངག་འགྲན་སྡུར་ལས་ཨང་རིམ་ཉི་ཤུའི་གྲས་སུ་ཚུད། 2019ལོར་བོད་རང་སྐྱོང་ལྗོངས་ཀྱི་སློབ་ཁྲིད་འཇོན་མིའི་བྱ་དགའ་ཐོབ། 2023ལོའི་ཟླ་བཞི་པར་མལ་གྲོ་གུང་དཀར་རྫོང་གི་དཔེ་ཀློག་འགྲན་སྡུར་ལས་ཨང་དང་པོའི་བྱ་དགའ་ཐོབ། 2024ལོའི་ཟླ་ལྔ་པར་ལྷ་ས་གྲོང་ཁྱེར་གྱི་སློབ་ཁྲིད་འགྲན་སྡུར་ལས་ཨང་གསུམ་པའི་བྱ་དགའ་ཐོབ།
གཞན་ཡང་། སློབ་ཁྲིད་ཀྱི་ཞོར་དུ་སྙན་ངག་དང་ལྷུག་རྩོམ། སྒྲུང་གཏམ། རྩོམ་རིག་དཔྱད་བརྗོད། དཔྱད་རྩོམ་སོགས་བདུན་ཅུར་ཉེ་བ་ཞིག་དུས་དེབ་སོགས་སུ་སྤེལ་བ་དང་།《<སེམས་པ་ཆུ་ལྟར་བཞུར་བའི་སྒྲ་དབྱངས>ལ་ཅུང་ཙམ་དཔྱད་པ》ཞེས་པ་མཆོད་མེའི་བོད་ཀྱི་རྩོམ་རིག་དྲ་བར་སྤེལ་ནས་ཀློག་གྲངས་ཆིག་ཁྲི་བདུན་སྟོང་བརྒལ་བ་མ་ཟད་དཔྱད་བརྗོད་ཀྱང་བློ་ལས་འདས་པ་བྱུང་། །