འཚོ་རྒྱུ་སྐོར་གྱི་རྒྱུན་ཤེས་འདི་དག་ཁྱེད་ཀྱིས་ཤེས་སམ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-05-06   རྩོམ་ཁུངས།    མཚོ་སྔོན་གསར་འགྱུར།

图片

        འཚོ་རྒྱུ་མ་འདང་ན་ནད་རྟགས་གང་དག་འབྱུང་སྲིད།

        རིགས་མི་འདྲ་བའི་འཚོ་རྒྱུ་མི་འདང་བ་ལས་ནད་རྟགས་ཀྱང་མི་འདྲ་བ་འབྱུང་སྲིད།

        འཚོ་རྒྱུAམི་འདང་བ།

        འཚོ་རྒྱུAམ་འདང་ན་ཐོག་མར་མུན་ནག་ཏུ་འགྲོ་བའི་ནུས་པ་ཇེ་ཞན་དུ་འགྲོ་སྲིད། གསལ་ས་ནས་མུན་ནག་གི་ཁོར་ཡུག་ཏུ་སོང་ན་ལོབས་དཀའ་བ་དང་མིག་རབ་རིབ་ཏུ་གྱུར་ཏེ་དངོས་པོ་མི་མཐོང་བ་རེད། ལྷག་པར་ས་སྲོད་དང་ཞོགས་པར་མཐོང་ཤུགས་ཇེ་ཞན་དུ་འགྲོ་ལ།ཚབས་ཆེ་བའི་སྐབས་སུ་མཚན་ལོང་ནད་འབྱུང་བ་རེད། གཞན་ད་དུང་པགས་ནད་སྣ་ཚོགས་འབྱུང་ཞིང་མིག་སྐྱི་སྐམ།

        འཚོ་རྒྱུDམི་འདང་བ།

        ཕྲུ་གུ་དམར་འབྱར་དང་བྱིས་པར་འཚོ་རྒྱུDམ་འདང་ན་ད་རྒན་ནང་གུག་འབྱུང་བ་དང་། མི་དར་མར་འཚོ་རྒྱུDམ་འདང་ན་གཙོ་བོ་རུས་སྙི་ནད་དང་ཡང་ན་རུས་སོབ་ནད་འབྱུང་ལ། གཞན་ད་རུང་ལུས་ལ་ཤུགས་མེད་པ་དང་རུས་པ་ན་བ། ཐ་ན་རུས་ཆག་སོགས་ཀྱི་ནད་རྟགས་འབྱུང་སྲིད།

        འཚོ་རྒྱུEམི་འདང་བ།

        འཚོ་རྒྱུEཡིས་མངལ་མི་ཆགས་པ་སྔོན་འགོག་བྱེད་ཐུབ་པར་མ་ཟད་དབྱང་འགྱུར་འགོག་པའི་ནུས་པའང་ལྡན། འཚོ་རྒྱུEམི་འདང་བ་ལ་མང་ཆེ་བར་ནད་རྟགས་གང་ཡང་མེད་པ་དང་།ཁ་ཤས་ལ་གོམས་གཤིས་རང་བཞིན་གྱི་མངལ་ཤོར་སྲིད།

        འཚོ་རྒྱུKམི་འདང་བ།

        འཚོ་རྒྱུKནི་ཟས་རིགས་ཁྲོད་བླངས་ཆོག་ལ་རྒྱུ་མའི་འབུ་ཕྲ་བརྒྱུད་ནས་འདྲེས་གྲུབ་བྱས་ཀྱང་ཆོག འཚོ་རྒྱུKམི་འདང་བའི་མི་ཧ་ཅང་ཉུང་ཉུང་ཡིན།  གལ་ཏེ་ནད་རིགས་སོགས་ཀྱི་དབང་གིས་འཚོ་རྒྱུKམི་འདང་བ་བྱུང་ཚེ། མི་དེའི་རིགས་ལ་པགས་འོག་ཁྲག་ཁྲ་དང་སོ་རྙིལ་ནས་ཁྲག་འཛགས་པ། སྣ་ཁྲག་ཐོན་པ་སོགས་ཀྱི་གནས་ཚུལ་འབྱུང་སྲིད།

        འཚོ་རྒྱུB1མི་འདང་བ།

        འཚོ་རྒྱུB1ལ་མུ་ཟི་ཨན་རྒྱུ་ཡང་ཟེར། འཚོ་རྒྱུBམ་འདང་ན་དབང་རྩའི་གཉན་ཚད་དང་། རྐང་རུལ་ནད། ཆུ་སྐྲངས་བཅས་འབྱུང་སྲིད་ཅིང་། ཐ་ན་སྙིང་ཤུགས་ཉམས་པའི་ནད་རྟགས་འབྱུང་སྲིད།

        འཚོ་རྒྱུB2མི་འདང་བ།

        འཚོ་རྒྱུB2ཀྱིས་མ་འདང་ན་པགས་པའི་འབྱར་སྐྱིའི་ནད་འགྱུར་འབྱུང་སླ་བ་སྟེ། དཔེར་ན་ཁ་ཟུར་གཉན་ཚད་ལྟ་བུ་དང། གཞན་ད་རུང་མིག་སྐམ་ནད་ཀྱི་ནད་རྟགས་འབྱུང་སྲིད།

        ལོ་མའི་སྐྱུར་དང་འཚོ་རྒྱུB12མི་འདང་བ།

        ལོ་མའི་སྐྱུར་དང་འཚོ་རྒྱུB12ཀྱིས་མ་འདང་ན་ཕྲ་ཕུང་ཆེན་པོའི་རིགས་ཀྱི་ཟུངས་ཁྲག་ཉམས་པ་དང་།མི་ཁ་ཤས་ལB12མ་འདང་ན་དབང་རྩའི་གཉན་ཚད་འབྱུང་སྲིད།

        འཚོ་རྒྱུ་ཡན་སོན་མི་འདང་བ།

        འཚོ་རྒྱུ་ཡན་སོན་གྱིས་མ་འདང་ན། པགས་པའི་ནད་འགྱུར་དང་ཁོག་པ་བཤལ་བ། ཐ་ན་གླེན་ནད་བཅས་འབྱུང་སྲིད།

        འཚོ་རྒྱུCམི་འདང་བ།

        ད་ལྟ་སྔོ་ཚལ་དང་སིལ་ཏོག་མི་ཟ་བ་ཞིག་ཡིན་ན་མ་གཏོགས་འཚོ་རྒྱུCམི་འདང་བའི་མི་ཧ་ཅང་ཉུང་། གལ་ཏེ་འཚོ་རྒྱུCམ་འདང་ཚེ། ཁྲག་རུལ་ནད་འབྱུང་སླ་བ་དང་སོ་རྙིལ་སྐྲངས་པ། སོ་ཁྲག་ཐོན་པ། འགོག་རྒོལ་ནུས་པ་ཞན་པ། རྨ་ཁ་སོས་དཀའ་བ་སོགས་ཀྱི་སྣང་ཚུལ་འབྱུང་སྲིད། ཆུ་ཞུ་རང་བཞིན་གྱི་འཚོ་རྒྱུ་ཅུང་ཙམ་ཆད་ན། ངལ་དུབ་དང་པགས་པའི་ནད་འགྱུར་སོགས་དཔེ་མཚོན་མིན་པའི་ནད་རྟགས་ལས་མེད།

        འཚོ་རྒྱུ་ཁ་གསབ་བྱེད་ཚད་ཇི་ལྟར་མང་ན་དེ་ལྟར་བཟང་ངམ།

        འཚོ་རྒྱུ་ཁ་གསབ་བྱེད་ཚད་ཇི་ལྟར་མང་ན་དེ་ལྟར་བཟང་བར་འདོད་པ་ནི་ནོར་འཁྲུལ་གྱི་ལྟ་བ་ཞིག་རེད། ཚིལ་ཞུ་རང་བཞིན་གྱི་འཚོ་རྒྱུ་ནི་སྤྱིར་བཏང་དུ་ཚིལ་དང་མཉམ་དུ་བསྡུ་ལེན་བྱེད་ཀྱིན་ཡོད། གལ་ཏེ་ཟ་རྒྱུ་མང་དྲགས་ན་མྱུར་གཤིས་སམ་དལ་གཤིས་ཀྱི་དུག་ཕོག་སྲིད། དུས་ཡུན་རིང་པོར་འཚོ་རྒྱུAདང་འཚོ་རྒྱུDའབོར་ཆེན་ཟོས་ན་མཆིན་པ་མི་བདེ་བར་མ་ཟད། ངལ་དུབ་འབྱུང་ཞིང་རུས་པ་ན་བའི་ནད་རྟགས་འབྱུང་སྲིད། གལ་ཏེ་འཚོ་རྒྱུDཁ་གསབ་བྱེད་རྒྱུ་མང་དྲགས་ན། ཁྲག་ཀལ་ཇེ་མཐོར་འགྲོ་བ་དང་ཐ་ན་དབང་པོ་ཁ་ཤས་ཀལ་འགྱུར་འབྱུང་སྲིད།

        ཆུ་ཞུ་རང་བཞིན་གྱི་འཚོ་རྒྱུ་ནི་ཆུའི་ནང་དུ་འདྲེས་དགོས་ལ། གལ་ཏེ་ཆུ་ཞུ་རང་བཞིན་གྱི་འཚོ་རྒྱུ་ཁ་གསབ་བྱེད་རྒྱུ་མང་དྲགས་ན་ལུས་ཕུང་གིས་རང་འགུལ་གྱིས་སྙོམས་སྒྲིག་བྱེད་སྲིད་པས། སྤྱིར་བཏང་དུ་ཁ་གསབ་མང་དྲགས་པ་ལས་བྱུང་བའི་དུག་ཕོག་གནད་དོན་འབྱུང་མི་སྲིད་མོད། འོན་ཀྱང་ཆུ་ཞུ་རང་བཞིན་གྱི་འཚོ་རྒྱུ་ཁ་ཤས་ཁ་གསབ་བྱེད་རྒྱུ་མང་དྲགས་ན་ལུས་ཕུང་མི་བདེ་བ་རེད། འཚོ་རྒྱུCཁ་གསབ་བྱེད་རྒྱུ་མང་དྲགས་ན་ཁོག་པ་བཤལ་སྲིད་ཅིང་། གལ་ཏེ་འཚོ་རྒྱུCཉིན་རེར་ཧའོ་ཁེ500ལས་བརྒལ་ཏེ་ཁ་གསབ་བྱས་ན་མཁལ་མའི་རྡེའུ་སྐྲན་འབྱུང་བའི་ཉེན་ཁ་ཇེ་ཆེར་འགྲོ་སྲིད།

        འཚོ་རྒྱུ་ཁ་གསབ་བྱེད་ཐབས།

        འཚོ་རྒྱུ་ཁ་གསབ་བྱེད་འདོད་ན། དུས་རྒྱུན་གྱི་བཟའ་བཏུང་ནས་མགོ་རྩོམ་དགོས། 《ཀྲུང་གོའི་གྲོང་མིའི་བཟའ་བཏུང་ཕྱོགས་སྟོན》གཞིར་བཟུང་ནས་རང་ཉིད་ཀྱི་བཟའ་བཏུང་གནས་ཚུལ་ལ་དཔྱད་དཔོག་བྱས་ཆོག  གལ་ཏེ་བཟའ་བཏུང་ལུགས་མཐུན་གྱིས་བསྟེན་ནའང་འབྲེལ་ཡོད་ནད་རྟགས་སྔར་བཞིན་ཐོན་ན་སྨན་ཁང་དུ་སོང་ནས་སྨན་བཅོས་བྱེད་དགོས་ཤིང་། ཟགས་ཐོན་ཚན་ཁག་གམ་ཡང་ན་ནད་ཐོག་འཚོ་བཅུད་ཚན་ཁག་གི་སྨན་པས་འཚོ་རྒྱུ་མི་འདང་བའི་གནས་ཚུལ་ཡོད་མེད་བརྡར་ཤ་གཅོད་དགོས། གལ་ཏེ་འཚོ་རྒྱུ་མ་འདང་ཚེ་སྨན་པའི་མཛུབ་སྟོན་འོག་འཚོ་རྒྱུ་ཁ་གསབ་བྱེད་དགོས། དེ་མིན་ད་དུང་ཐབས་ཤེས་འགའ་ཤས་ཀྱིས་ཟས་རིགས་ཁྲོད་ཀྱི་འཚོ་རྒྱུ་སྔར་ལས་མང་པོ་བསྡུ་ལེན་བྱེད་པར་རམ་འདེགས་བྱེད་ཐུབ། འཚོ་རྒྱུBནི་འབྲུ་རྩིང་དང་ཕབ་རྩི། སྒོ་ང་བཅས་ཀྱི་ནང་དུ་འདུས་ཚད་ཅུང་མཐོ་ལ། ཧ་ཅང་ཞིབ་ཚགས་པའི་ཟས་རིགས་ལས་སྣོན་བྱེད་པའི་གོ་རིམ་ཁྲོད་འཚོ་རྒྱུBམང་པོ་ཤོར་སྲིད། དེ་མིན། གལ་ཏེ་ཧ་ཅང་རྫོབ་པའི་འབྲས་མིན་ན། ཐེངས་གཅིག་བཀྲུས་པས་ཆོག

        སྔོ་ཚལ་གྱི་ནང་དུ་འཚོ་རྒྱུ་མང་པོ་འདུས་ཡོད། འོན་ཀྱང་སྔོ་ཚལ་གཡོས་སྦྱོར་བྱེད་སྐབས་སྔོ་ཚལ་ཁྲོད་ཀྱི་འཚོ་རྒྱུ་ལ་གནོད་འཚེ་ཐེབས་སྲིད། ཚང་མས་སྔོ་ཚལ་སྔོན་ལ་བཀྲུ་བ་དང་དེ་ནས་གཏུབ་སྟེ་འཚོ་རྒྱུ་ཤོར་ཚད་ཇེ་ཉུང་དུ་གཏོང་དགོས། སྔོ་ཚལ་གཡོས་སྦྱོར་བྱེད་པའི་གོ་རིམ་ཁྲོད་མགྱོགས་མྱུར་ངང་བརྔོ་བ་ལས་དུས་ཡུན་རིང་པོར་བཙོས་ན་མི་བཟང་། གཡོས་སྦྱོར་བྱས་ཚར་རྗེས་མྱུར་དུ་ཟ་དགོས་ལ། སྔོ་ཚལ་འཇོག་ཡུན་རིང་དྲགས་ན་འཚོ་རྒྱུ་ཤོར་ཚད་ཇེ་ཆེར་འགྲོ་སྲིད། དེ་མིན། ཕྱི་རོལ་གྱི་ལུས་སྦྱོང་ཡང་ཤིན་ཏུ་གལ་ཆེ། མིའི་ལུས་ཕུང་གིས་འཚོ་རྒྱུDའདྲེས་གྲུབ་བྱེད་ཐུབ་མོད། འོན་ཀྱང་འདྲེས་གྲུབ་གོ་རིམ་ལ་སྨུག་ཕྱིའི་འོད་འཕྲོ་དགོས། དེའི་ཕྱིར། སྤྱིར་བཏང་དུ་འཚོ་རྒྱུDམི་འདང་བའི་མི་རྣམས་ཕྱི་རོལ་གྱི་བྱ་འགུལ་ལ་མང་ཙམ་ཞུགས་དགོས་པ་དང་། ཉི་མར་མང་ཙམ་ལྡེ་ནས། ལུས་ཕུང་གིས་འཚོ་རྒྱུDའདྲེས་གྲུབ་བྱེད་པར་སྐུལ་འདེད་བྱེད་དགོས།