རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-01-31   རྩོམ་ཁུངས།    中央广播电视总台藏语
ཡུན་ནན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་བོད་སྨན་ཁང་ནི་1987ལོར་བཙུགས་པ་དང་། མིག་སྔར་ཡུན་ནན་ཞིང་ཆེན་ཁོངས་ཀྱི་བོད་ལུགས་གསོ་རིག་ཞིབ་འཇུག་དང་སྨན་བཅོས་ཞབས་ཞུའི་འཕྲིན་ལས་སྐྱོང་མཁན་མི་རིགས་སྨན་ཁང་ཐོག་མ་དེ་ཡིན་པ་དང་། རྒྱལ་ཁབ་དང་ཞིང་ཆེན། ཁུལ་བཅས་རིམ་ཁག་ཏང་སྲིད་སྡེ་ཚན་གྱི་ཚད་མཐོའི་མཐོང་ཆེན་དང་འབྲེལ་ཡོད་སྡེ་ཚན་ཁག་གི་ཤུགས་ཆེའི་རོགས་སྐྱོར་འོག ལོ་30ལྷག་ཙམ་རིང་འཛུགས་སྐྲུན་དང་འཕེལ་རྒྱས་བཏང་བ་བརྒྱུད། མིག་སྔར། སྨན་བཅོས་དང་འཕྲོད་སྦྱོར། སློབ་ཁྲིད། བོད་སྨན་ཐོན་སྐྱེད་བཅས་གཞི་གཅིག་ཏུ་འདུས་པའི་རིམ་པ་གསུམ་པའི་མི་རིགས་གསོ་རིག་སྨན་ཁང་ཞིག་ཏུ་གྱུར་ཡོད།
སྨན་པ་དཔལ་ལྡན་རྒྱ་མཚོ་ནི་བདེ་ཆེན་ཁུལ་བོད་སྨན་ཁང་ནད་མེད་ཚེ་སྲིང་ཚན་ཁག་གི་ཀྲུའུ་རེན་ཡིན། ད་ཐེངས་དཔྱིད་གསར་དུས་ཆེན་སྐབས། ཁོང་གིས་ལས་རེས་བྱས་ནས་མི་དམངས་ལ་ཞབས་འདེབས་སྒྲུབ་བཞིན་ཡོད། ཁོང་ནི་2010ལོར་བདེ་ཆེན་ཁུལ་བོད་སྨན་ཁང་དུ་ལས་ཀར་ཞུགས་པ་ནས་ད་ཕན་ལོ་15ལྷག་འགོར། དེ་སྔ་སྔ་རྗེས་སུ་མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་དང་བོད་ལྗོངས་གསོ་རིག་སློབ་གྲྭ་ཆེན་མོར་དགེ་བའི་བཤེས་གཉེན་དུ་མའི་མདུན་སར་བོད་ཀྱི་རིག་གནས་སྤྱི་དང་ཁྱད་པར་གསོ་བ་རིག་པའི་གཞུང་ལ་སློབ་གཉེར་མཐར་ཕྱིན་པར་བྱས། 2019ལོར་བོད་ལྗོངས་གསོ་རིག་སློབ་གྲྭ་ཆེན་མོ་ནས་རབ་འབྱམས་ཞིབ་འཇུག་སློབ་མའི་སློབ་གནས་ཐོབ། དེའི་རིང་རྒྱལ་སྨན་ཆེན་མོ་གོ་འཇོ་དབང་འདུས་ལས་གསོ་རིག་རྒྱུད་བཞི་དང་གསོ་རིག་ཟིན་ཏིག་སོགས་ཀྱི་ཁྲིད་ལུང་ཐོབ། ལྷག་པར་དུ་རྒན་བཀྲ་རྒྱལ་དང་། ནག་ཆུ་སོག་རྫོང་སྨན་རྩིས་ཁང་གི་དགེ་བའི་བཤེས་གཉེན་དུ་མ་དགེ་རྒན་དུ་བསྟེན་ནས་གསོ་རིག་རྒྱུད་བཞི་དང་། ཀོང་སྤྲུལ་ཟིན་ཏིག། མན་ངག་ལྷན་ཐབས་སོགས་གསོ་བ་རིག་པའི་གཞུང་སྤྱི་དང་། སྒོས་སུ་ནད་ཐོག་ལག་ལེན་ལ་སྨན་ནད་སྤྲོད་ཚུལ་དང་། སྨན་ངོ་ངོས་འཛིན། སྨན་རྫས་འདུལ་སྦྱོང་སོགས་ཀྱི་ཤེས་བྱ་དང་མན་ངག་དག་ལ་སྦྱང་པ་མང་ཙམ་གནང་མྱོང་། དེ་མིན་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་སྨན་རྩིས་ཁང་དང་ནག་ཆུ་སོག་རྫོང་སྨན་རྩིས་ཁང་སོགས་སུ་ཟབ་སྦྱོང་དུ་སོང་སྟེ་དཔྱད་བཅོས་སྡེ་ལྔ་དང་སྦྱོང་བྱེད་ལས་ལྔ་སོགས་ཀྱི་ལག་ལེན་སྤྱི་ལ་སྦྱངས་པ་མཛད། གངས་ལྗོངས་གསོ་རིག་ཅེས་པ་དང་ཀྲུང་གོའི་བོད་ཀྱི་གསོ་རིག་ཅེས་པ། བོད་སྨན་སློབ་གསོ་དང་ཞིབ་འཇུག་ཞེས་པ་སོགས་ཆེད་ལས་དུས་དེབ་སྟེང་ཆེད་ལས་དཔྱད་རྩོམ་10ལྷག་སྤེལ་མྱོང་། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་ཞིབ་འཇུག་ལས་གཞི་གསུམ་ཙམ་ལ་ཞུགས་ནས་བོད་སྨན་ཞིབ་འཇུག་གི་བྱ་བ་སྒྲུབ་མྱོང་། སྔ་རྗེས་སུ་སྨན་པའི་ཀུན་སྤྱོད་དཔེ་ལེགས་ཅན་གྱི་མཚན་སྙན་སོགས་བྱ་དགའ་འགའ་ཤས་ཀྱང་ཐོབ་མྱོང་། མིག་སྔར། སྐབས་གཉིས་པའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་གསོ་རིག་གི་ཕུལ་བྱུང་སྐྱེད་སྲིང་མི་སྣ། ཡུན་ནན་ཞིང་ཆེན་ཐ་མལ་ནད་མེད་སློབ་ཚོགས་ཀྱི་ཚོགས་མི་ཡིན།