རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-04-10   རྩོམ་ཁུངས།    གངས་ལྗོངས་ཉི་གཞོན།
ཞིབ་འཇུག་ས་ཚིགས་ཀྱི་སྔོ་རིགས་རྣམ་པ།(a) ནམ་ཟླའི་ཆ་རྐྱེན(b)དང་ཚོད་ལྟའི་ཇུས་འགོད།(c)
ཞིབ་འཇུག་པ་ལུའོ་ཐེན་ཞང་གིས་མདོ་དབུས་མཐོ་སྒང་དུ་འཛམ་གླིང་གི་མཚོ་འཕགས་ཆེས་མཐོ་བ་དང་རྒྱ་ཁྱོན་ཆེས་ཆེ་བའི་མཐོ་གྲང་སྤང་ལྗོངས་དང་རྩྭ་ཐང་ཡོད་ཅིང་། དེའི་གྲུབ་ཚུལ་དང་ཁྱབ་སྟངས་ལ་གཙོ་བོ་རྒྱ་གར་དུས་རླུང་གི་ནམ་ཟླས་ཚོད་འཛིན་ཐེབས་ཡོད་པ་དང་། མདོ་དབུས་མཐོ་སྒང་གི་སྐྱེ་སྟོབས་ཆེ་བའི་དངོས་རིགས་རྣམས་དུས་མཚུངས་སུ་གྲང་ངར་ཆེ་བ་དང་ཐན་པའི་ནམ་ཟླའི་ཁོར་ཡུག་ལ་འཕྲོད་མཐུན་ཇི་ལྟར་བྱུང་བ་ནི་མཐོ་གྲང་རྩྭ་སའི་སྔོ་རིགས་ཀྱི་སྐྱེ་དངོས་དུས་རྟགས་ནམ་ཟླའི་འགྱུར་ལྡོག་ལ་བརྡ་ལེན་བྱུང་ཚུལ་རྒྱུས་ལོན་བྱེད་པའི་འགག་རྩ་ཡིན་ཞེས་མཚམས་སྦྱོར་བྱས།
ཉེ་བའི་ལོ30ཡི་རིང་ལ། མདོ་དབུས་མཐོ་སྒང་འདི་མགྱོགས་མོའི་ངང་ཇེ་དྲོར་གྱུར་པ་དང་བསྟུན་ནས་ཆར་ཆུའི་འབབ་ཚད་ཀྱང་ཇེ་མང་དུ་སོང་བ་བརྒྱུད་ཡོད། སྔོན་དཔག་བྱས་ན། དུས་རབས21པའི་མཇུག་ཏུ། མདོ་དབུས་མཐོ་སྒང་གི་ཆ་སྙོམས་དྲོད་ཚད་ཏུའུ2.8ནས4.9ཡི་བར་ལ་འཕར་རྒྱུ་དང་ལོ་གཅིག་གི་ཆར་ཆུའི་འབབ་ཚད་བརྒྱ་ཆའི15ནས21གི་བར་ལ་འཕར་རྒྱུ་ཡིན་པ་རེད། འདི་འདྲའི་དྲོད་གཤེར་ཅན་གྱི་རྒྱབ་ལྗོངས་འོག མཐོ་གྲང་རྩྭ་སའི་སྔོ་རིགས་ཀྱི་སྐྱེ་དངོས་དུས་རྟགས་འགྱུར་ལྡོག་གི་སྒུལ་རྐྱེན་གཙོ་བོ་ནི་དྲོད་ཚད་འཕར་བ་དང་ཆར་ཆུའི་འབབ་ཚད་ཇེ་མང་དུ་གྱུར་པ་གཉིས་ཀྱི་གང་ཡིན་པ་ལ་རྩོད་གླེང་ཆེན་པོ་བྱུང་ཡོད། འདས་སོང་གི་དྲོད་འཕར་ཚོད་ལྟ་ཡིས་ཆར་ཆུའི་འབབ་ཚད་འགྱུར་ལྡོག་གི་ཤུགས་རྐྱེན་ལ་མཉམ་འཇོག་ཆེན་པོ་བྱས་མེད་ལ། དྲོད་ཚད་དང་ཆར་ཆུའི་འབབ་ཚད་ཀྱི་འགྱུར་ལྡོག་ཟུང་འབྲེལ་བྱས་པའི་རྒྱུ་རྐྱེན་གཉིས་ཚོད་འཛིན་གྱི་ཚོད་ལྟའི་དཔེ་གཞི་ཡང་ཅུང་ཉུང་བ་རེད།
ཞིབ་འཇུག་གྲུབ་འབྲས་ཀྱི་གོ་དོན་རི་མོ།
ཀྲུང་གོའི་ཚན་རིག་གླིང་མདོ་དབུས་མཐོ་སྒང་ཞིབ་འཇུག་ཁང་གི་འབུམ་རམས་པའི་སློབ་མ་མ་ཕང་ཧྥེ་ཡིས་བསྟུད་མར་ལོ་གཉིས་ཀྱི་ཚོད་ལྟའི་ལྟ་ཞིབ་ཚོད་དཔག་གི་གཞི་གྲངས་ལས་གསལ་བ་ལྟར་ན། ཆར་ཆུའི་འབབ་ཚད་ཇེ་མང་དུ་གྱུར་པ་ལས་སྤང་རྩི་སྨུག་པོ་དང་ཐང་ཕྲོམ། ཤིང་གཟེར་གསུམ་གྱི་སྔོ་སོས་དུས་སྔ་བསྣུར་བྱས་ཤིང་། དྲོད་ཚད་འཕར་བ་ཡིས་སྔོ་སོས་དུས་ཕྱི་འགྱངས་བྱས་པ་ལ་ཕལ་ཆེར་ཤུགས་རྐྱེན་མངོན་གསལ་མེད་པ་དང་གཅིག དྲོད་ཚད་འཕར་བ་དང་ཆར་ཆུའི་འབབ་ཚད་ཇེ་མང་དུ་གྱུར་པ་ཚང་མས་སྐྱེ་སྟོབས་ཆེ་བའི་དངོས་རིགས་གསུམ་གྱི་རྙི་སྐམ་དུས་ཕྱི་འགྱངས་བྱས་པ་མངོན་གསལ་ཡིན་པར་མ་ཟད། ད་དུང་དྲོད་ཚད་འཕར་བ་དང་ཆར་ཆུའི་འབབ་ཚད་ཇེ་མང་དུ་གྱུར་པ་གཉིས་ལ་གཅིག་གིས་གཅིག་གྲོགས་བྱེད་པའི་ནུས་སྣང་ཡང་མེད་པ་དང་གཉིས། སྐྱེ་སྟོབས་ཆེ་བའི་དངོས་རིགས་གསུམ་གྱི་སྔོ་སོས་དུས་དུས་མཉམ་མམ་ཡང་ན་ཆར་དུས་ཐོན་པ་ལས་ཅུང་དལ་བ་དང་། དཔྱིད་དུས་ཀྱི་ཆར་ཆུའི་འབབ་ཚད་ཇེ་མང་དུ་གྱུར་ན། ཆར་དུས་ཐོན་པའི་དུས་ཚོད་སྔ་བསྣུར་བྱས་པ་ལས་རྩི་ཤིང་གི་སྔོ་སོས་པ་ལ་སྐུལ་འདེད་ཐེབས་པ་དང་གསུམ་བཅས་འདུག་ཅེས་མཚམས་སྦྱོར་བྱས།
ཞིབ་འཇུག་ཚོགས་པའི་དབྱེ་ཞིབ་བྱས་འབྲས་སུ་གསལ་བ་ལྟར་ན། མཐོ་གྲང་སྔོ་རིགས་ཀྱི་སྐྱེ་དངོས་དུས་རྟགས་ནི་ཆར་ཆུའི་འབབ་ཚད་ཀྱི་འགྱུར་ལྡོག་ལ་ཚོར་སྐྱེན་སྔར་བས་ཟབ་མོ་ཡོད་པ་དང་། དྲོད་ཚད་ཏུའུ2འཕར་བ་དང་ཆར་ཆུའི་འབབ་ཚད་བརྒྱ་ཆའི15ལས་ཆེ་བའི་ཆ་རྐྱེན་འོག མཐོ་གྲང་རྩྭ་སའི་སྐྱེ་སྟོབས་ཆེ་བའི་དངོས་རིགས་ཀྱི་སྐྱེ་དུས་ཕྱི་འགྱངས་བྱས་པ་ལ་གཙོ་བོ་སྟོན་དུས་ཀྱི་རྩི་ཤིང་གི་རྙི་སྐམ་དུས་ཕྱི་འགྱངས་བྱས་པའི་ཤུགས་རྐྱེན་ཐེབས་ཡོད་པ་རེད། མདོ་དབུས་མཐོ་སྒང་དྲོད་གཤེར་ཅན་དུ་གྱུར་དང་འགྱུར་བཞིན་པའི་རྒྱབ་ལྗོངས་འོག ཞིབ་འཇུག་འདི་ཡིས་ང་ཚོས་མཐོ་གྲང་རྩྭ་སའི་སྐྱེ་ཁམས་མ་ལག་གིས་ནམ་ཟླའི་འགྱུར་ལྡོག་གི་བརྡ་ལེན་རྐྱེན་སྲོལ་ལ་རྒྱུས་ལོན་ཡང་དག་བྱེད་པར་ཚན་རིག་གི་འདེགས་སྐྱོར་གལ་ཆེན་འདོན་སྤྲོད་བྱས་ཡོད།